བོད་ལྗོངས་གཞིས་རྩེས་ཨེ་ཤེ་ཡ་ལྷོ་མའི་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས་པ།
ས་གནས་ས་ཐོག་ཏུ་མཉམ་ལས་གྲོས་མཐུན་ཁག་7བཞག་པ།
ཉེ་ཆར། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་དགུ་པའི་རིམ་སྤེལ་བྱེད་སྒོའི་གྲས་ཤིག་ཡིན་པའི་ཨེ་ཤེ་ཡ་ལྷོ་མའི་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས་ནས། ས་གནས་ས་ཐོག་ཏུ་མཉམ་ལས་གྲོས་མཐུན་ཁག་7བཞག་པ་རེད།
ད་ཐེངས་ཀྱི་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཧྲང་ཧའེ་དང་། ཀྲེ་ཅང་། ཅང་སུའུ་སོགས་ཀྱི་གཙོ་གནད་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་འཐུས་མི་དང་དེ་བཞིན་ནེ་པ་ལའི་ཚོང་དོན་ཁེ་ལས་ཀྱི་འཐུས་མི་ཚོགས་པ་དང་གཞིས་རྩེའི་མཐའ་མཚམས་ཚོང་དོན་ཟོག་འགྲུལ་ཁེ་ལས་བཅས་མཉམ་དུ་འཛོམས་ནས་ཨེ་ཤེ་ཡ་ལྷོ་མའི་དཔལ་འབྱོར་ཚོང་དོན་བགྲོད་ལམ་འཛུགས་སྐྲུན་ལ་དམིགས་ཏེ་སྤེལ་རེས་དང་སྦྲེལ་མཐུད་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་མཉམ་ལས་གྲོས་མཐུན་ཁག་7བཞག་པའི་ནང་། གཞིས་རྩེ་གྲོང་ཁྱེར་དང་ཧྲང་ཧའེ་ཏུང་ཧའོ་ལན་ཧྲེང་རྒྱལ་སྤྱིའི་ཚོང་དོན(ཚོགས་པ)ཚད་ཡོད་ཀུང་སིས་མཉམ་ལས་བརྗེད་ཐོ་བཞག་སྟེ། གཞིས་རྩེར་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པར་ཞུགས་ནས་ཕྱི་ཕྱོགས་ཚོང་དོན་གྱི་ཆེད་ལས་ཤེས་ལྡན་པ་ནང་འདྲེན་བྱེད་པར་རམ་འདེགས་བྱས་པ་དང་། འབྲོང་པའི་ལེགས་རྩེ་ཧྥུའུ་ཀུའེ་ཧྥུའུ་ཅཱ་ཕྱིར་གཏོང་ནང་འདྲེན་ཚོང་དོན་ཚད་ཡོད་ཀུང་སི་དང་ནེ་པ་ལའི་ཀྲུང་ཀྲུང་ལག་ཤེས་ཐོན་རྫས་ཚད་ཡོད་ཀུང་སིས་དངོས་ཟོག་ནང་འདྲེན་གྱི་གྲོས་མཐུན་བཞག་ནས། ཀྲུང་ནེའི་ཕྱོགས་གཉིས་པོའི་ཚོང་དོན་དེ་གཞི་རྩའི“བགྲོད་ལམ་སྦྲེལ་མཐུད”ནས་རིམ་པ་དེ་བས་ཟབ་པའི“ཐོན་ལས་མཉམ་འགུལ”ཕྱོགས་སུ་འགྱུར་བར་སྐུལ་འདེད་བཏང་བ་རེད།
ས་གནས་ས་ཐོག་ཏུ་ད་དུང་ཧྲང་ཧའེ་དང་བོད་ལྗོངས་ཀྱི་ལག་རྩལ་ཉོ་ཚོང་དང་གྲུབ་འབྲས་གཞན་སྒྱུར་ལྟེ་གནས་སྤྱོད་འགོ་ཚུགས་པའི་མཛད་སྒོ་དང་། གཞིས་རྩེ་གྲོང་ཁྱེར་ཕྱི་ཕྱོགས་ཚོང་དོན་མཐུན་ཚོགས་བཙུགས་ནས་སྒོ་བྱང་འགེལ་བའི་མཛད་སྒོ་ཡང་འཚོགས་ཏེ། ས་གནས་དེ་གའི་ཕྱི་ཕྱོགས་སྒོ་དབྱེའི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་དུས་ཆེན་རིང་བྱེད་སྒོ་རབ་དང་རིམ་པ་གཉེར་བའི་དམིགས་ཡུལ་ནི། རིག་གནས་ཡུལ་སྐོར་གཞི་རྟེན་དུ་བྱས་ནས་དཔལ་འབྱོར་ཚོང་དོན་གྱི་བྱེད་སྒོ་སྤེལ་བ་དང་། རིམ་པ་མང་བའི་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་བསྐྲུན་པ་བརྒྱུད་ཨེ་ཤེ་ཡ་ལྷོ་མར་ཕྱོགས་ནས་སྒོ་མོ་དབྱེ་བའི་གཞིས་རྩེའི་བགྲོད་ལམ་གྱི་ལེགས་ཆ་དང་ལྟེ་བའི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། གཞིས་རྩེ་རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་གཉིས་ཀྱི་འཕེལ་རྒྱས་གསར་པའི་གནས་བབ་ནང་མཉམ་འདྲེས་དེ་བས་ཡག་པོ་ཐུབ་པར་རམ་འདེགས་བྱས་ནས། ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་ལྟེ་བའི་གྲོང་ཁྱེར་མགྱོགས་མྱུར་བསྐྲུན་རྒྱུ་དེ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།