《ཅང་ཙེ་མིན་གྱི་ཕྱི་འབྲེལ་གསུང་རྩོམ་གཅེས་བཏུས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཕྱི་འབྲེལ་པུས་མཉམ་དུ་རྩོམ་སྒྲིག་བྱས་པའི《ཅང་ཙེ་མིན་གྱི་ཕྱི་འབྲེལ་གསུང་རྩོམ་གཅེས་བཏུས》ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱེད་འགོ་ཚུགས་པ་རེད།
《ཅང་ཙེ་མིན་གྱི་ཕྱི་འབྲེལ་གསུང་རྩོམ་གཅེས་བཏུས》ནང་གཅེས་བཏུས་བྱས་པ་ནི་1989ལོའི་ཟླ་7པ་ནས་2003ལོའི་ཟླ་7པའི་བར་ཕྱི་འབྲེལ་ལས་དོན་སྐོར་གྱི་བློ་མཐུན་ཅང་ཙེ་མིན་གྱི་གསུང་རྩོམ་གལ་ཆེན་ཡིན་ཞིང་། དེའི་ནང་སྙན་ཞུ་དང་། གསུང་བཤད། གླེང་མོལ། གཏམ་བཤད། འཕྲིན་ཡིག དྲིས་ལན། ཕྱག་བྲིས་ཕྱག་བསྟར་མ་སོགས་རྩོམ་ཡིག་115དང་ཡིག་འབྲུ་ཁྲི་32ཙམ་ཡོད། དེའི་ནང་གི་གསུང་རྩོམ་ཁ་ཤས་ནི་ཡོངས་བསྒྲགས་བྱེད་ཐེངས་དང་པོ་རེད།
《ཅང་ཙེ་མིན་གྱི་ཕྱི་འབྲེལ་གསུང་རྩོམ་གཅེས་བཏུས》ལས་བློ་མཐུན་ཅང་ཙེ་མིན་གྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་དགོངས་པ་གལ་ཆེན་དང་མཛད་རྗེས་ཕུལ་བྱུང་གཅིག་སྡུད་ཐོག་མཚོན་གྱི་ཡོད། གསུང་རྩོམ་འདི་ཉིད་རྩོམ་སྒྲིག་དང་དཔེ་སྐྲུན་བྱས་རྗེས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གིས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་འགོ་ཁྲིད་བྱས་པའི་དུས་སྐབས་གསར་པའི་ལོ་རྒྱུས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཆེ་རུ་གཏོང་རྒྱུ། དུས་རབས་གསར་པའི་ཀྲུང་གོའི་ཕྱི་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་འབད་བརྩོན་ཆེན་པོས་གཏོད་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
འབྲེལ་ཡོད་གསར་འགྱུར།