མཚོ་སྔོན་གྱི་ས་མཐོའི་ཆུ་གྲང་ཉ་མོ་རྒྱལ་ཁབ་ཕྱི་ནང་དུ་བྲིན་ཁ་རྒྱུག་པ།
སྐྱ་རེངས་ཤར་སྐབས། ཚ་རྔ་འགག་ཆུ་མཛོད་ཁུལ་གྱི་རོང་ཁུལ་དུ་ཞོགས་པའི་སྨུག་སྤྲིན་ལང་ལོང་དུ་འཕྱུར་ཞིང་། མཱ་ཞའོ་ཅུན་དང་ལས་རོགས་ཚོས་བྱང་ཆ་དོད་པོས་འཕྲུལ་འཁོར་སྤྱད་ནས་ཆེ་ལ་རྒྱགས་པའི་ཆུ་གྲང་ཉ་མོ་མང་པོ་གཅིག་རྗེས་གཉིས་མཐུད་ངང་ཉ་འཛིན་ལས་སྟེགས་ཐོག་དབོར། ཆུ་ཚོད་གཉིས་ཡས་མས་རིང་ཚད་ལྡན་ཅན་གྱི་ལས་གཉེར་བྱས་མཐར་ཆུ་གྲང་ཉ་མོ་དེ་དག་གྲུ་ཁའི་གྲང་ཕྲེང་ཟོག་འདྲེན་རླངས་འཁོར་དུ་བླུགས་ནས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་དབོར་གྱི་ཡོད་པ་རེད།
མཱ་ཞའོ་ཅུན་ནི་ཚ་རྔ་ཀྲི་ཤན(མཚོ་སྔོན)མ་རྐང་ཚད་ཡོད་ཀུང་སིའི་གསོ་སྤེལ་ཐོན་སྐྱེད་པུའི་པུའུ་ཀྲང་ཡིན་པ་དང་ཆུ་གྲང་ཉ་མོ་གསོ་སྤེལ་བྱས་ནས་ལོ་མང་པོ་ཕྱིན་ཡོད། ཁོང་གིས། སྐྱེ་ཁམས་ཀྱི་ལེགས་ཆ་ནི་ཚ་རྔ་འགག་གི་ཆུ་གྲང་ཉ་མོར་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་ཁས་ལེན་རྒྱ་ཁྱབ་ཐོབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
“ཚ་རྔ་འགག་ཆུ་མཛོད་ནི་མཚོ་བོད་ས་མཐོའི་ཕང་བ་ལྟ་བུར་གནས་ཤིང་ཆུ་ཁོངས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་383ཡོད། ལོ་འཁོར་མོའི་ཆ་སྙོམས་ཆུ་དྲོད་ཧྲེ་ཧྲི་ཏུའུ་12ཡས་མས་དང་ཆུ་གཟུགས་ཀྱི་མཐོང་ཚད་སྨི་5ལྷག་ཙམ་ཟིན་གྱི་ཡོད” ཚ་རྔ་འགག་གི་སྟོད་རྒྱུད་དུ་བཟོ་ལས་སྦགས་བཙོག་གི་འབྱུང་ཁུངས་ཆེ་གྲས་མེད་པ་དང་། དྲོད་ཚད་དམའ་བའི་ཆུའི་ཁོར་ཡུག་ལས་ཉ་རིགས་སྐྱེ་འཚར་གྱི་དུས་འཁོར་རིང་དུ་ཕྱིན་པས། ཤ་སྤུས་ལེགས་པ་དང་། འཚོ་བཅུད་ཕུན་སུམ་ཚོགས་པ། བྲོ་བ་ཞིམ་པ་བཅས་ཀྱི་ཆུ་གྲང་ཉ་གསོ་སྤེལ་ཐུབ་ཡོད་ཅེས་མཱ་ཞའོ་ཅུན་གྱིས་བཤད། ཚ་རྔ་འགག་ཆུ་མཛོད་ཁུལ་དུ་སྐྱོད་སྐབས། ས་གནས་དེ་གའི་སྐྱེ་ཁམས་གསོ་སྤེལ་གྱི་སྟོན་ཕྱོགས་མྱོང་ཚོར་ཐུབ་ཀྱི་ཡོད།
“ང་ཚོས་སྟུག་ཚད་དམའ་བའི་གསོ་སྤེལ་བྱེད་སྟངས་མཐའ་འཁྱོངས་བྱས་ནས་ཉ་རིགས་ལ་སྐྱེ་འཚར་གྱི་བར་མཐོངས་འདང་ངེས་ཡོང་བར་བྱས” ཚ་རྔ་འགག་གིས་ཆུ་གཟུགས་སྨི་རྒྱ་དཔངས་གྲུ་བཞི་རེར་ཉ་སལ་མོན་གསོ་སྤེལ་བྱེད་ཚད་སྤྱི་རྒྱ་4ནས་5བར་ཚོད་འཛིན་ནན་པོ་བྱེད་ཀྱི་ཡོད། ཉ་རྒྱ་ཚང་མའི་མཐིལ་ལ་བཙོག་པ་གཙང་བསྡུའི་སྒྲིག་ཆས་བསྒར་ནས་ཉིན་རེར་དུས་བཀག་ལྟར་གཙང་སེལ་བྱེད་ཀྱི་ཡོད། ཆུར་འཛུལ་པ་དུས་བཀག་ལྟར་ཆུ་ནང་དུ་འཛུལ་ནས་སྐོར་ཞིབ་བྱེད་ཀྱི་ཡོད། ཉ་ལས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་ས་མཐོའི་སྐྱེ་ཁམས་ལ་ཡང་སྲུང་སྐྱོང་ནན་པོ་བྱེད་ཀྱི་ཡོད་ཅེས་མཱ་ཞའོ་ཅུན་གྱིས་ངོ་སྤྲོད་བྱས།
ཉ་བཟུང་ནས་ལས་སྣོན་བྱེད་པའི་ལྷུ་ཚིགས་དེང་རབས་ཅན་དུ་ཕྱོགས་སྒྱུར་བྱས་པ་ལས་ཐོན་ལས་རིམ་སྤོར་གྱི་ཕན་འབྲས་ཐད་ཀར་མངོན་ཡོད། ཚ་རྔ་ཀྲི་ཤན(མཚོ་སྔོན)མ་རྐང་ཚད་ཡོད་ཀུང་སིའི་གསོ་སྤེལ་བྱ་གཞག་པུའི་འགན་འཁུར་བ་ལུའོ་ཀྲན་ཡོན་ནི་དེ་སྔ་ཚ་རྔ་འགག་ཆུ་མཛོད་ཁུལ་གྱི་ཉ་པ་ཞིག་ཡིན་པས་དེ་ལྟར་འགྱུར་ལྡོག་ལ་མྱོང་ཚོར་ཟབ་མོ་ཡོད།
“ལོ་བཅུ་གྲངས་གོང་། ང་ཚོས་ཆུ་མཛོད་ཁུལ་དུ་ཉ་འཛིན་སྐབས་མི་ཤུགས་ཁོ་ནར་བརྟེན་དགོས་ཀྱི་ཡོད་པས་ཉིན་ཧྲིལ་པོར་འབད་འཐབ་ལྷོད་མེད་བྱས་ཀྱང་ཉ་སྟོང་ཕྲག་ཁ་ཤས་ལས་འཛིན་ཐུབ་ཀྱི་མེད” ད་ཆ་ཀུང་སིའི་ཉ་འཛིན་སྟངས་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཏེ་རིག་ནུས་ཅན་གྱི་ཉ་འཛིན་ལས་སྟེགས་གཉིས་ཀྱིས་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད་པས། ཉིན་རེར་ཆུ་གྲང་ཉ་མོ་ཁྲི་2འཛིན་ཐུབ་ཀྱི་འདུག་ཅེས་ལུའོ་ཀྲན་ཡོན་གྱིས་བཤད།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བ་ཡན་ཧུད་རིགས་རང་སྐྱོང་རྫོང་གི་ཧའེ་ལིན་ཉ་ལས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་མཱ་ཧའེ་ལིན་གྱིས་2009ལོ་ནས་ཆུ་གྲང་ཉ་མོ་གསོ་སྤེལ་བྱེད་སྟངས་འཚོལ་ཞིབ་བྱེད་འགོ་ཚུགས་ཤིང་། ད་ཆ་ཁོང་གི་གསོ་སྤེལ་མཉམ་ལས་ཁང་དུ་སྐམ་སའི་བཟོ་གྲྭའི་རང་བཞིན་གྱི་ཉ་ཕྲུག་བརྒྱུད་སྤེལ་སོགས་ཀྱི་རྣམ་པ་གསར་པ་ཆགས་ཀྱི་ཡོད་པ་རེད།
“སྲོལ་རྒྱུན་གྱི་ཆུ་ལམ་ནས་ཉ་ཕྲུག་གསོ་སྤེལ་བྱས་ཚེ་ལོ་གསུམ་མ་ཕྱིན་ན་ཚད་གཞི་ལོན་གྱི་མི་འདུག ང་ཚོས་སྔོན་ལ་ཉ་ཕྲུག་གསོ་སྤེལ་བྱས་ནས་ལྗིད་ཚད་ཁེ་400ལ་སླེབས་རྗེས་གཞི་ནས་ཆུ་ལམ་དུ་གཏོང་གི་ཡོད། དེ་ལྟར་བྱས་ན་ལོ་གཉིས་ནང་ཁྲོམ་རར་འདོན་པའི་ཚད་གཞིར་སླེབས་ཐུབ་པས། གསོ་སྤེལ་དུས་ཡུན་ལོ་གཅིག་ཙམ་ཐུང་དུ་ཕྱིན་ནས་ཐོན་སྐྱེད་ཐད་ཀྱི་གཏོང་ཆ་ཉུང་དུ་ནུས་ལྡན་སོང་ཡོད” མཉམ་ལས་ཁང་གི་གསོ་སྤེལ་ཆུ་ཁོངས་རྨ་ཆུའི་གཞུང་ཆུ་དང་ཐག་ཉེ་ཞིང་། སྟོད་རྒྱུད་དུ་བཟོ་ལས་ཀྱི་སྦགས་བཙོག་མེད་པས། གསོ་སྤེལ་གྱི་བརྒྱུད་རིམ་ཧྲིལ་པོར་བཙོག་འབུད་དང་སྦགས་བཙོག་ཅི་ཡང་མེད་ཅེས་མཱ་ཧའེ་ལིན་གྱིས་བཤད།
སྐྱེ་ཁམས་བཟང་བ་དང་། ཐོན་ལས་འཐུས་སྒོ་ཚང་བ། སྤུས་ཚད་ཚོད་འཛིན་ནན་པོ་བཅས་ལས་མཚོ་སྔོན་གྱི་ས་མཐོའི་ཆུ་གྲང་ཉ་མོ་གོ་ལ་ཧྲིལ་པོར་བྲིན་ཁ་རྒྱུག་ཡོད། ཟི་ལིང་འགག་སྒོས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་ལོ་སྟོད་དུ། མཚོ་སྔོན་གྱི་ཆུ་གྲང་ཉ་མོའི་ཐོན་རྫས་ཨུ་རུ་སུ་དང་། རི་པིན། ཨེ་ཤེ་ཡའི་ཤར་ལྷོ། ཡོ་རོབ་སོགས་ཀྱི་རྒྱལ་ཁབ་དང་ས་ཁུལ་མང་པོར་བཙོངས་ནས། ཆུ་གྲང་ཉ་མོ་ཕྱིར་གཏོང་བྱེད་ཚད་ཀྱིས་རྒྱལ་ཡོངས་ཀྱི་རིགས་གཅིག་པའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཀྱི་98%ལྷག་ཙམ་བཟུང་ཡོད་པ་རེད།
“འགག་སྒོས་ཞིང་ལས་ཐོན་རྫས་སོས་པའི་ཆེད་གཏོགས་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་རྗེས། རིག་ལྡན་འགག་སྒོའི་དྲ་ཐོག་ལྟ་སྐུལ་ཚོད་འཛིན་ལས་སྟེགས་ལ་བརྟེན་ནས་ཆུ་གྲང་ཉ་མོ་འཛིན་པ་དང་། ལས་སྣོན། ཐོན་རྫས་བཟོ་གྲྭ་ནས་ཐོན་པ་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོ་དྲ་ཐོག་ནས་ལྟ་འདོམས་བྱེད་ཀྱི་ཡོད། བྱེད་སྟངས་འདི་སྤྱད་ཚེ་དྲ་ཕྱིར་ཞིབ་བཤེར་བྱས་ནས་དུས་ཚོད་འགོར་འགྱངས་བྱེད་མི་དགོས་པས་སླེབས་འཕྲལ་ཞིབ་བཤེར་བྱེད་པ་དང་། ཞིབ་བཤེར་བྱས་འཕྲལ་གློད་དེ་འགག་སྒོ་སྒྲོལ་བའི་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད” གོམ་སྟབས་རྗེས་མར། ཟི་ལིང་འགག་སྒོས་འགན་ནུས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་ཁེ་ལས་ལ་རྒྱལ་སྤྱིའི་ཁྲོམ་ར་གསར་འབྱེད་བྱེད་རོགས་བྱས་ཏེ། ཆུ་གྲང་ཉ་མོ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་མུ་མཐུད་རོགས་རམ་བྱེད་ཀྱི་ཡིན་ཞེས་ཟི་ལིང་འགག་སྒོ་ལས་ཁུངས་ཀྱི་འགན་འཁུར་བ་ཞིག་གིས་བཤད།
འབྲེལ་ཡོད་གསར་འགྱུར།