དབུ་ཤོག>གསར་འགྱུར།
  • མི་རབས་གསུམ་པོས་གངས་ལྗོངས་མཐའ་མཚམས་ལོ་ལྔ་བཅུ་རྒྱུན་མཐུད་སྲུང་བ།

    —— བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་སྦུག་གཙང་གྲོང་ཚོའི་དམག་ཞབས་ཐིམ་པའི་དམག་མི་རྒན་གྲས་དར་རྒྱས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-18

    ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་སྟོད་གྲོང་རྡལ་སྦུག་གཙང་གྲོང་ཚོ་ནི་ས་བབ་སྨི་2300ཡོད་པའི་ལུང་ཤུར་ཞིག་ཏུ་ཡོད། དེ་གར་ནགས་ཚལ་ཁྱབ་ཚད་95%ཟིན་ཞིང་། གངས་རིའི་མུ་ཁྱུད་ཀྱིས་བསྐོར་བའི་ནང་དུ་གཙང་པོ་ཆེ་ཆུང་མང་པོ་རྒྱུག་གི་ཡོད་ལ་མཐའ་མཚམས་དང་ཡང་ཐག་ཉེ་པོ་ཡོད་པས། ས་གནས་དེ་གའི་མི་རྣམས་ཀྱིས“འདབ་ཆགས་མ་གཏོགས་སླེབས་མི་ཐུབ་པའི་ས་ཆ”ཞེས་འབོད་ཀྱི་ཡོད།

    ལོ་73ལ་སླེབས་པའི་བོད་རིགས་ཏང་ཡོན་རྒན་གྲས་དང་དམག་ཞབས་ཐིམ་པའི་དམག་མི་དར་རྒྱས་ཀྱིས་དེ་ག་བསྲུངས་ནས་ལོ་ལྔ་བཅུ་ཏག་ཏག་ཕྱིན། དམག་ཆས་སྔོ་ལྗང་གྱོན་པའི་ན་གཞོན་འཐབ་འཛིང་པ་ཞིག་ནས་སྐྲ་འདབས་དུང་ལྟར་དཀར་བའི་དམག་མི་རྒན་གྲས་ཆགས་པའི་བར། ཁོང་གིས་ཞབས་གཉིས་ལ་བརྟེན་ནས་རྒྱལ་ཁབ་ས་ཆ་འཇལ་བ་དང་བརྟན་སྲུང་ལ་བརྟེན་ ནས་ལྷག་བསམ་མངོན་པར་བྱས།

    1974ལོར། ལོ་21ལ་སླེབས་པའི་དར་རྒྱས་དམག་ཁོངས་སུ་ཞུགས་ནས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གི་བཅིངས་འགྲོལ་དམག་མི་ཞིག་བྱས་ཏེ་མཐའ་མཚམས་དམག་སྒར་དུ་ལོ་བཞི་སྦྱོང་བརྡར་བྱས། 1978ལོར། དམག་ཞབས་ཐིམ་ནས་འཐབ་གྲོགས་མི་ཉུང་བ་ཞིག་གྲོང་ཁྱེར་དུ་སྐྱོད་གྲབས་བྱེད་སྐབས། དར་རྒྱས་ཐེ་ཚོམ་ཅི་ཡང་མེད་པར་ཕ་ཡུལ་དུ་ལོག ཁོང་གིས“དཔུང་སྡེས་ང་ཚོ་མི་རབས་ནས་མི་རབས་བར་འཚོ་བ་སྐྱེལ་སའི་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། ངས་དམག་ཆས་ཕུད་ཀྱང་ས་ཆ་འདིར་སྲུང་སྐྱོང་བྱེད་མཁན་དགོས” དམག་ཁོངས་ནས་ཐོན་ཏེ་ཟླ་ཕྱེད་མ་སོང་བར་ཁོང་གིས་ཡུལ་དམག་གི་ཕའེ་ཀྲང་གི་འགན་ཁུར་ཏེ་མཐའ་མཚམས་སྐོར་སྲུང་གི་ལས་འགན་ལྕི་པོ་ཕྲག་ཏུ་བླངས་ནས་ལོ་40ལྷག་ཙམ་རིང་བརྟན་སྲུང་བྱས་པ་རེད།

    ལོ་བཞི་བཅུ་ལྷག་ཙམ་རིང་། དར་རྒྱས་ཀྱིས་རིམ་རྩིས་བརྒྱབ་ན་མཐའ་སྲུང་དཔུང་སྡེར་གཞོགས་འདེགས་བྱས་ནས་སྐོར་གཡེང་ཐེངས་200ལྷག་ཙམ་བྱས་ཏེ་གཏོགས་ཁོངས་དེའི་མཐའ་མཚམས་ས་ཚིགས་ཚང་མར་བསྐྱོད་མྱོང་། ལོ་འཁོར་མོར་རྡོག་ཁྲེས་ཁུར་ནས་ལ་བརྒྱབ་ཀླུང་བརྒལ་མང་པོ་བྱས་པས་རྐེད་པ་ན་བ་སོགས་ཀྱི་ན་ཚ་ཡང་བྱུང་ཡོད། ད་ཆ་ལོ་བདུན་ཅུ་ལྷག་ལ་སླེབས་པས་ཐག་རིང་དུ་བསྐྱོད་དེ་མཐའ་མཚམས་སྐོར་གཡེང་གི་ལས་འགན་སྒྲུབ་ཐབས་བྲལ་ཡང་། མཐའ་སྲུང་གི་ལས་འགན་སྒྲུབ་མཚམས་སྐད་ཅིག་ཙམ་ཡང་འཇོག་མྱོང་མེད་པ་རེད།

    ལས་འགན་སྒྲུབ་སེམས་སྔ་ས་ནས་དར་རྒྱས་ཁྱིམ་གྱི་ནང་མི་ཚོའི་ཁྲག་རྒྱུན་ནང་འདྲེས་ཡོད། བུ་རྒན་པ་བློ་བཟང་ཚུལ་ཁྲིམས་ཀྱིས་ཆུང་དུས་ནས་ཨ་ཕ་དང་མཉམ་དུ་མཐའ་མཚམས་ལ་སྐོར་གཡེང་བྱེད་ཀྱི་ཡོད། “རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པ་དང་། མཐའ་མཚམས་ཡག་པོ་སྲུང་མ་ཐུབ་ཚེ་ཁྱིམ་ཚང་ཆུང་ཆུང་ནམ་ཡང་བརྟན་ལྷིང་ཡོང་མི་ཐུབ”ཅེས་པའི་སྐད་ཆ་དེར་ཉན་བཞིན་འཚར་ལོངས་བྱུང་བ་ཞིག་རེད། ན་སོ་དར་ལ་བབས་རྗེས། བློ་བཟང་ཚུལ་ཁྲིམས་ཀྱིས་ལྷ་སའི་བདེ་སྐྱིད་ལྡན་པའི་འཚོ་བ་བློས་བཏང་ནས་གྲོང་ཚོར་ལོག་སྟེ་གྲོང་ཚོའི་ལས་བྱེད་པའི་འགན་ཁུར། དེ་རྗེས་རང་འགུལ་ངང་ཡུལ་དམག་གི་དཔུང་སྡེར་ཞུགས། ལོ་16ནས་བཟུང་ཨ་ཕ་དང་མཉམ་དུ་མཐའ་མཚམས་བསྲུངས། ཡིན་ན་ཡང་། བློ་བཟང་ཚུལ་ཁྲིམས་སྔ་ས་ནས་ནད་ཀྱིས་རྐྱེན་ཏེ་གྲོངས། འོན་ཀྱང་དར་རྒྱས་ཀྱིས་སྐྱོ་གདུང་གི་མཆི་མ་ཕྱིས་རྗེས་ཏང་ཡོན་གྱི་འདོགས་རྟགས་དང་ཡུལ་དམག་གི་དཔུང་རྟགས་བུ་ཆུང་བ་དབང་རྒྱལ་ལ་སྤྲད། ད་ཆ། དབང་རྒྱལ་ཡུལ་དམག་མཐའ་སྲུང་གི་སྣེ་ཤན་པ་ཞིག་ཏུ་གྱུར་ནས་ཕ་མེས་ཚོའི་མཐའ་མཚམས་སྐོར་གཡེང་གི་ལམ་བུར་སླར་ཡང་སྐྱོད་ཀྱི་ཡོད།

    མཐོ་འབྲིང་ནས་ཐོན་གྲབས་ཡོད་པའི་དར་རྒྱས་ཀྱི་ཚ་བོས་ཆུང་དུས་ནས་ཕ་མེས་ཡང་མེས་ཚོ་མཐའ་མཚམས་ལ་གཞི་ཚུགས་པ་མཐོང་བས་དམག་ཁོངས་སུ་ཞུགས་ནས་མེས་རྒྱལ་ལ་དྲིན་ལན་འཇལ་བའི་བསམ་བློ་སྔ་ས་ནས་བཅངས་ཡོད། ཉིན་ལྟར་ཞོགས་པར་སྤོ་བོ་དང་ཚ་བོ་ཚོས་སོ་སོའི་སྒོ་རྩར་བརྗིད་རྔམ་ལྡན་པའི་ངང་སྐར་ལྔའི་དར་དམར་སྒྲེང་གི་ཡོད། གངས་རི་དང་ནགས་ཚལ་ཁྲོད་ལྷབ་ལྷུབ་ཏུ་གཡོ་བའི་དར་ཆ་དེ་ནི་སྦུག་གཙང་གྲོང་ཚོའི་མཛེས་ལྗོངས་ཡག་ཤོས་དེར་གྱུར་ཡོད།

    2024ལོར། དར་རྒྱས་ལ་རྒྱལ་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མི་དཔེ་བཟང་གི་བྱ་དགའ་ཐོབ། གཟི་བརྗིད་མཚན་སྙན་དེ་ནི་ཁོང་གིས་མི་ཚེ་ཕྱེད་ཀའི་བརྟན་སྲུང་ལ་ཁས་ལེན་ཡག་ཤོས་བྱས་པ་ཞིག་རེད།

    མི་མང་པོ་ཞིག་གིས་དར་རྒྱས་ལ། མི་ཚེ་ཧྲིལ་པོར་དཀའ་ཚེགས་ཆེ་བའི་མཐའ་མཚམས་རི་ལམ་བསྲུངས་ན་དཀའ་སྡུག་འདུག་གམ་ཞེས་དྲིས་པར། བགྲེས་སོང་དེས་མུ་འབྲེལ་གྱི་གངས་རིར་ལྟ་བཞིན་ངག་འཇམ་ཞིང་བློ་ཐག་ཆོད་པོས“ད་ཆ་ངའི་རྐང་པ་བདེ་པོ་མེད་པས་མཐའ་སྲུང་ལམ་བུར་སྐྱོད་ཐབས་བྲལ་མོད། ཡིན་ན་ཡང་ངའི་བུ་ཡོད། ངའི་བུ་འགྲོ་མི་ཐུབ་པར་གྱུར་ཚེ། ད་དུང་ངའི་ཚ་བོ་ཡོད། མཐའ་མཚམས་སྲུང་རྒྱུ་ནི་ང་གཅིག་པུའི་ལས་འགན་མིན་པར་ང་ཚོ་ནང་མི་ཚང་མས་མི་རབས་ནས་མི་རབས་བར་ཕྲག་ཏུ་འཁུར་དགོས་པའི་འགན་འཁྲི་ཞིག་ཡིན། མེས་རྒྱལ་གྱི་མཐའ་མཚམས་འདི་སྲུང་སྐྱོང་ཡག་པོ་བྱས་ན་རང་ཁྱིམ་གྱི་འཚོ་བ་གཞི་ནས་ཡུན་རིང་བརྟན་ལྷིང་ཡོང་ཐུབ”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།