ལྷོ་ཨ་ཧྥེ་རི་ཁའི་གཞུང་བཙུགས་ལས་རིགས་ལག་རྩལ་སློབ་གླིང་6གི་སློབ་ མས་ཀྲུང་གོའི་ནུས་གསར་རླངས་འཁོར་ལག་རྩལ་ཞིབ་སྦྱོང་ནང་ཞུགས་ པར་གཡུར་ཟའི་གྲུབ་འབྲས་ཐོབ་པ།
“གོ་ལ་ཧྲིལ་པོའི་འབྱུང་འགྱུར་རླངས་འཁོར་ཐོན་ལས་ཀྱི་འཕེལ་ཕྱོགས་ཤེས་རྟོགས་ཐུབ་པ”

འདི་ནི་ནུས་གསར་རླངས་འཁོར་ལག་རྩལ་ཞིབ་སྦྱོང་བྱེད་རིང་པེ་ཅིང་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་རྒན་གྱི་རོགས་རམ་འོག་ལྷོ་ཨ་ཧྥེ་རི་ཁའི་སློབ་མས་རླངས་འཁོར་གྱི་སྐྱོན་འཚོལ་བཞིན་པ།
“ཀྲུང་གོར་སློབ་སྦྱོང་བྱེད་རིང་། ངས་རིག་གནས་སྤེལ་རེས་ཀྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་བྱུང”“ཀྲུང་གོར་སྐྱོད་པ་ལས་གཡུར་ཟའི་གྲུབ་འབྲས་ཐོབ་བྱུང་བས་ང་ཚོ་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ལས་རིགས་སློབ་གསོ་མཉམ་ལས་ཀྱི་ཕོ་ཉ་བྱེད་འདོད་འདུག” ཉེ་ཆར། ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དུ་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ལྷོ་ཨ་ཧྥེ་རི་ཁའི་སློབ་མ་36གིས་ཁོང་ཚོ་ཀྲུང་གོར་གསོ་སྦྱོང་ནང་ཞུགས་པའི་ཉམས་མྱོང་དང་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད། སློབ་མ་དེ་དག་ལྷོ་ཨ་ཧྥེ་རི་ཁའི་གཞུང་བཙུགས་ལས་རིགས་ལག་རྩལ་སློབ་གླིང་6ནས་ཡོང་བ་དང་ལྷོ་ཨ་ཧྥེ་རི་ཁའི་མཐོ་རིམ་སློབ་གསོ་དང་གསོ་སྦྱོང་པུས་རོགས་དངུལ་ཆ་ཚང་སྤྲད་པའི་འོག་པེ་ཅིང་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་དུ་དུས་ཡུན་གཟའ་འཁོར་18ཀྱི་ནུས་གསར་རླངས་འཁོར་ལག་རྩལ་ཞིབ་སྦྱོང་བྱས་ནས་ད་ལོའི་ཟླ་དང་པོར་སློབ་སྦྱོང་མཇུག་འགྲིལ་ཡོད།
དབྱིངས་ཞུགས་རྣམ་པའི་དངོས་སྦྱོང་གསོ་སྦྱོང་ལས་མཐོང་རྒྱ་གསར་པ་ཕྱེ་བ།
ལྷོ་ཨ་ཧྥེ་རི་ཁའི་སློབ་མ་ཀྲུང་གོར་སློབ་སྦྱོང་དང་འཚོ་བར་དེ་བས་ལེགས་པའི་སྒོ་ནས་ཞུགས་རྒྱུར་རོགས་རམ་བྱ་ཆེད། པེ་ཅིང་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་གིས་ཆེད་མངགས་སྤྱོད་གོ་ཆོད་པའི་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱས་ཏེ་དྲ་ཐོག་ནས་སློབ་ཁྲིད་དང་དྲ་ཕྱི་ནས་སྲ་བརྟན་དུ་གཏོང་རྒྱུ་ཟུང་དུ་འབྲེལ་བའི་སློབ་ཁྲིད་བྱེད་སྟངས་སྤྱད་དེ་སློབ་མའི་རྒྱ་ཡིག་ཆུ་ཚད་མཐོ་རུ་བཏང་ཡོད། སློབ་མ་ཤིས་ཧྥེ་ཤིས་ལའེ·མུའུ་ཨེན་ཏ་ཝུའེ་ཡིས“ང་ཚོ་ཚང་མར་རྒྱ་ཡིག་གི་མིང་རེ་ཡོད། རྒན་ལགས་ཀྱིས་ང་ཚོར་རྒྱ་ཡིག་གི་མིང་འབོད་པ་དེས་ཚང་མའི་དབར་གྱི་བར་ཐག་དེ་བས་ཉེ་རུ་ཕྱིན་པའི་ཚོར་སྣང་ཡོང་གི་འདུག རྒྱ་ཡིག་སྦྱངས་པ་དེས་ང་ཚོའི་ལས་རིགས་འཕེལ་རྒྱས་ལ་ནུས་པ་དེ་བས་ཆེ་བ་ཐོན་གྱི་འདུག ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ལས་རིགས་སློབ་གསོའི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་འགྲོ་རྒྱུའི་རེ་སྒུག་བྱེད་པ་དང་སླར་ཡང་ཀྲུང་གོར་སློབ་སྦྱོང་དང་ཟབ་སྦྱོང་བྱེད་པར་བསྐྱོད་རྒྱུའི་གོ་སྐབས་ཡོང་རེ་བྱེད་ཀྱི་ཡོད”ཅེས་བཤད།
མཉེན་གཤིས་དེ་བས་ལྡན་པའི་འགྲིམ་འགྲུལ་དང་ནུས་རྒྱུའི་མ་ལག་བཙུགས་པ།
སློབ་མ་དབྱི་ནུའོ་སང·མེར་གྱིས“རང་ཉིད་ཀྲུང་གོར་བསྐྱོད་དེ་ལས་གྲྭའི་རིགས་ཀྱི་སློབ་གླིང་དུ་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ལག་རྩལ་གསར་ཤོས་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་པ་ཡིད་ལ་འཁོར་མ་མྱོང་། དེ་ནི་དེ་སྔ་འགྲུབ་ཐབས་བྲལ་བའི་ཕུགས་འདུན་ཞིག་རེད། སྲོལ་རྒྱུན་ལྟར་ན་རླངས་འཁོར་དང་ལས་གྲྭའི་ཁྱབ་ཁོངས་སྐྱེས་པས་གཙོ་ཁྲིད་བྱེད་ཀྱི་ཡོད་པས། ངའི་ངོས་ནས་བརྗོད་ན། ལས་རིགས་དེའི་ནང་ཞུགས་པའི་གོམ་སྟབས་ཚང་མར་བློ་སྟོབས་དང་ཡིད་ཆེས་ཆེན་པོ་དགོས་ཀྱི་ཡོད། དེ་ནི་རང་ཉིད་ཀྱི་ཆེད་དུ་ཡིན་པ་མ་ཟད། བསམ་ཚོད་བྱེད་ཕོད་པ་དང་འབད་བརྩོན་ཆེན་པོས་ཕུགས་འདུན་མངོན་འགྱུར་ཐུབ་པར་བྱེད་མཁན་བུད་མེད་ཚང་མའི་ཆེད་དུའང་ཡིན་པས་ང་རང་སྤོབས་པ་ཆེན་པོ་སྐྱེ་གི་འདུག”ཅེས་བཤད།
ལྷོ་ཨ་ཧྥེ་རི་ཁར་ཕྱིར་ལོག་བྱས་རྗེས་མེར་གྱིས་མི་དེ་བས་མང་བས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ལེགས་ཆ་ཤེས་རྟོགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། “ལྷོ་ཨ་ཧྥེ་རི་ཁར་ད་དུང་མི་མང་པོ་ཞིག་གིས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་དུས་རབས་ལས་བརྒལ་བའི་དོན་སྙིང་ཤེས་རྟོགས་ཐུབ་ཀྱི་མེད། ངས་ཆེས་ཐད་ཀའི་བྱ་ཐབས་ཐོག་ནས་ཁོང་ཚོར་མཇུག་རླངས་དེ་བས་ཉུང་བ་ཡོད་པ་དེས་མཁའ་རླུང་དང་ཁོར་ཡུག་དེ་བས་གཙང་མ་ཡིན་པ་མཚོན་པ་དང་། གློག་སྒུལ་རླངས་འཁོར་སྤྱད་ཚེ་སྤྱི་ལེ་རེའི་མ་གནས་འབར་སྣུམ་ལས་ཧ་ཅང་དམའ་བ་ཡོད་པས་དེས་ཁྱིམ་ཚང་གི་འགྲོ་གྲོན་གྲོན་ཆུང་ཐུབ་ཀྱི་ཡོད་ལུགས་ཤོད་རྒྱུ་ཡིན”ཞེས་མེར་གྱིས་བཤད།
ཕྱི་རྒྱལ་དུ་ལག་རྩལ་རྩལ་ནུས་ཅན་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་གསར་པ་བཏོད་པ།
ཉེ་བའི་ལོ་ཤས་རིང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས། འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་སོགས་ཀྱི་སྣེ་ཁྲིད་འོག་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ལས་རིགས་སློབ་གསོའི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད། རྒྱལ་ཁབ་གཉིས་པོས་འབྱུང་འགྱུར་ལ་ཕྱོགས་པའི་ལྟེ་བའི་ཐོན་ལས་ཀྱི་དགོས་མཁོ་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ་གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་ནུས་རྒྱུ་གཙོ་གནད་དུ་བྱས་ནས་སློབ་ཚན་ཐུན་མོང་ཐོག་བཀོད་སྒྲིག་དང་ཤེས་ལྡན་པ་ཐུན་མོང་ཐོག་གསོ་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བཞིན་ཡོད།
ཀྲུང་གོའི་སློབ་གསོ་པུས་ལྷོ་ཨ་ཧྥེ་རི་ཁའི་མཐོ་རིམ་སློབ་གསོ་དང་གསོ་སྦྱོང་པུའུ་དང་དུས་བཀག་ཐོག་སྐད་ཆ་ཤོད་རེས་ཀྱི་ལམ་སྲོལ་བཙུགས་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི(ལྷོ་ཨ་ཧྥེ་རི་ཁའི)ལས་རིགས་སློབ་གསོའི་མཉམ་ལས་མནའ་འབྲེལ་སོགས་ལས་སྟེགས་འཛུགས་རྒྱུར་སྐུལ་འདེད་བཏང་ནས་སློབ་གླིང་དང་ཁེ་ལས་འབྲེལ་མཐུད་ལ་སྐུལ་འདེད་བཏང་ཡོད། ལོ་5ལྷག་ཙམ་རིང་། ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་ཁེ་ལས་མང་པོས་ས་གནས་དེ་གའི་སློབ་གླིང་དང་མཉམ་ལས་བྱས་ཏེ་གྲངས་གཞི་ཆེན་པོ་དང་། གློག་རྡུལ་ཚོང་དོན། མི་ཐབས་རིག་ནུས། སྤྲིན་རྩིས་སོགས་ཐད་ཀྱི་གསོ་སྦྱོང་རྣམ་གྲངས་ཐུན་མོང་ཐོག་བཙུགས་ཡོད།
འབྲེལ་ཡོད་གསར་འགྱུར།