དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མོང་ཞང་ཧྥུའུ། ཞུས་ཧང་གཡན།   |     སྤེལ་དུས།  2026-08-18

    ཟླ་7ཚེས་30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་བསྟན་དོན། “ཏང་ཡོངས་ཀྱིས་ངེས་པར་དུ་ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དང་། ཏང་གི་འཁྲི་འགན་དང་ལས་འགན་ལེགས་པར་སྒྲུབ་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱས་ཏེ། གདེང་ཚོད་བརྟན་པོ་དང་ངེས་ཤུགས་རྒྱུན་འཁྱོངས་ཀྱིས་ཚད་གཞི་དེ་བས་མཐོ་བ་དང་དེ་བས་དངོས་སྒྲུབ་ཀྱི་བྱ་ཐབས་ཐོག་ནས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་ཆེའི་ཉམས་མྱོང་མཐའ་འཁྱོངས་དང་བེད་སྤྱོད་ཡག་པོ་བྱས་ནས། ཏང་འཛུགས་སྐྱོང་ལ་འཕྲད་པའི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་དང་ཐག་གཅོད་ཡག་པོ་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་རིང་གྲུབ་པའི་ཆབ་སྲིད་ཀྱི་དུས་བབ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་དགོས”

    ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར། གཅིག་ནས་འཕྲལ་བཅོས་དང་། སྨན་ཆེན་བཏང་ནས་གཅོང་ནད་བཅོས་པར་བརྟེན་དགོས་པ་དང་། ཁྲིམས་ནན་པོས་ཟིང་བཅོས་བྱེད་དགོས་ལ། གཉིས་ནས་རྩ་བཅོས་དང་། གཞུང་དྲང་བློ་སྦྱོང་། རིག་གནས་སློབ་སྦྱོང་བྱེད་པར་བརྟེན་དགོས་པ་དང་། སྲིད་སྐྱོང་གི་རྩ་བ་བརྟན་སྲུང་ཡང་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བསྟན་དོན། “དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་རུལ་སུངས་བྱེད་མི་འདོད་པའི་རང་རྟོགས་ཆེ་རུ་བཏང་སྟེ། མི་བདེན་པ་བདེན་ཐུབ་དང་བྱ་བ་གཙང་མ་གཙང་རྐྱང་སྒྲུབ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས”

    རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་ལ་བརྟེན་ནས་སྤྱོད་གཙང་སྐྱོང་བ། བྱ་ཐབས་ནུས་ལྡན་སྤྱད་དེ་འཕྲལ་བཅོས་བྱེད་པ། ཕུགས་ཕན་རྩ་བཅོས་བཅས་བྱས་ནས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

    དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་གལ་ཆེན་བྱེད་དགོས།

    སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་མཐུདལག་བསྟར་གནང་བཞིན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཀྲེང་ཏིང་དུ་འགོ་ཁྲིད་ཀྱི་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུའི་སྐོར་གྱི“གཏན་འབེབས་དོན་ཚན་དྲུག”གཙོ་སྐྱོང་གནང་ནས་བཟོས་པ་དང་། ཧྥུའུ་ཅན་ཉིང་ཏེར“སྲིད་གཙང་དོན་ཚན་བཅུ་གཉིས”གཙོ་སྐྱོང་གནང་ནས་བཏོན་པ། ཀྲེ་ཅང་དུ་སྲིད་སྐྱོང་རིང་། ཞིང་ཆེན་གྱི་རིམ་ངོས་ནས“སྤྱོད་གཙང་རིག་གནས་འཛུགས་སྐྱོང”འཚོལ་ཞིབ་དང་ལག་ལེན་བསྟར་བར་སྐུལ་འདེད་བཏང་གནང་བ་ལ་སོགས།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཏང་སྲོལ་དང་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་བ་དང་སྤྱི་ཚོགས་ཀྱི་གོམས་སྲོལ་དང་དམངས་སྲོལ་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། ལམ་ལུགས་མཁོ་སྤྲོད་འཐུས་སྒོ་ཚང་དུ་གཏོང་བ། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་བཅས་ལ་བསྲུང་བྱའི་སྒྲིག་ལམ་ཡོད་པ་དང་བརྩི་སྲུང་བྱེད་སའི་ཁྲིམས་ཡོད་པར་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཏོན་ནས་ལག་ལེན་བསྟར་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི“གསེར་བྱང”གསལ་གསལ་ཐིང་ཐིང་ཡོད་པར་བྱས་པ་དང་། 《དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག“དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ”དེ་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་ནང་བཅུག་པ། 《དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2025ལོ་ནས་2027ལོ་བར)》བཀྲམ་པ་ལ་སོགས།

    ས་གནས་ནས་ཀྲུང་དབྱང་བར་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་པ་ལས་ནམ་ཡང་འགྱུར་བ་མེད་པའི་འཐབ་ཇུས་ཀྱི་བསམ་གཞིག་དང་འཚོལ་ཞིབ་ལྷོད་མེད་མངོན་ཡོད།

    དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བླ་སྲོག་ཏུ་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ཀྱི་ཉིང་བཅུད་བསྡུ་ལེན་གཏིང་ཟབ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ལ་ཟེར།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “རུལ་སུངས་བྱེད་མི་འདོད་པའི་ཐད་སྲ་བརྟན་དང་མཐོར་འདེགས་བྱེད་པར་གཞི་སྒྱུར་རྩ་སྒྱུར་དང་གཞི་བརྟན་ཡར་འཕེལ་ལ་དེ་བས་དོ་སྣང་བྱེད་དགོས་པ”དང“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ཀྱི་ནང་དོན་དང་ཉིང་བཅུད་མེད་ན། དད་མོས་དང་དད་སེམས་བརྟན་པོ་ཡོང་ཐབས་བྲལ་བ་ཞིག་རེད”

    ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་སྒེར་དོར་སྤྱི་སྐྱོང་དང་སྤྱོད་གཙང་རང་སྲུང་གི་བསམ་བློའི་གོ་རྟོགས་གསོ་སྐྱོང་དང་། གསར་བརྗེའི་རིག་གནས་ལ་བརྟེན་ནས་སྤྱི་བསམ་སྒེར་བརྗེད་དང་ལེགས་སྐྱེས་འབུལ་འདོད་པའི་བླ་ན་མེད་པའི་གཤིས་རྒྱུད་སྦྱོང་བརྡར། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ལ་བརྟེན་ནས་སྲིད་དོན་སྤྱོད་བཟང་དང་དབང་ཆ་དྲང་གཞག་སྤྱོད་པའི་རིག་གནས་ཀྱི་ཞིང་ས་གསོ་སྐྱོང་བྱེད་དགོས།

    2014ལོའི་ཟླ་3པར། ཧོ་ནན་ཞིང་ཆེན་ལན་ཁའོ་རྫོང་ཨུད་རྒྱུན་ལས་ཨུ་ལྷན་གྱི་རྒྱ་ཆེའི་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལན་ཁའོ་ཡི་ལོ་རྒྱུས་ཐོག་གི་དཔོན་པོ་ཀྲང་པོ་ཞིན་གྱི《འབུལ་རྟེན་མི་ལེན་པའི་རྩ་ཚིག》ལུང་དུ་དྲངས་ནས “འབྲུ་རྡོག་གཅིག་དང་ཁབ་སྐུད་ཙམ། ཉུང་ཡང་བླངས་ན་ཁོ་བོ་རྫོབ། ཉག་མ་གཅིག་དང་སོར་གང་ཡང་། འབངས་ཀྱིས་རྔུལ་ཁྲག་བཞུར་ནས་བསགས། ཕར་ལ་དོང་ཙེ་གཅིག་བྱིན་ཡང་། འབངས་ལ་ཕན་པ་དཔག་མེད་འབྱུང་། ཚུར་ལ་ཞོ་གང་བླངས་ན་ཡང་། ཁོ་བོ་རིན་ཐང་མེད་པར་འགྱུར། མི་དང་མིའི་དབར་གྱི་འབྲེལ་བ་ནི་འཇིག་རྟེན་གྱི་འགྲོ་ལུགས་ཤིག་རེད་ཅེས་བརྗོད་ན། འབུལ་རྟེན་གང་བྱུང་དུ་ལེན་པ་དང་། ཡོངས་ཁུངས་མི་གཙང་བའི་རྒྱུ་ནོར་ནི་གང་ནས་བྱུང་བ་ཡིན་ནམ”ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅིས“ངས་བལྟས་ན། འདི་ཡང་མེ་ལོང་ཞིག་ཏུ་བརྩིས་ཆོག”ཅེས་གསུངས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངག་སློབ་དཔེ་སྟོན་དང་ཧ་ཅང་མཐོང་ཆེན་གནང་གི་ཡོད།

    ཧོ་པེ་ཕིང་ཧྲན་རྫོང་གི་ཞི་པའེ་ཕུའོ་རུ་ཁོང་གིས“འདི་ནི་སྒྲིག་ལམ་འཛུགས་ཡུལ་ཡིན། ཏང་གི་སྒྲིག་ལམ་དང་ལམ་ལུགས་བཙུགས་པ་དང་ལག་བསྟར་བྱས་པ་དེས་ཏང་གི་སྤྱོད་ཚུལ་དང་སྒྲིག་ཁྲིམས་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད”ཅེས་གསུངས་པ་དང་། ཧྥུའུ་ཅན་ཏུང་ཧྲན་རྫོང་ཀུའུ་ཝུན་ཁྲང་གི་དྲན་གསོ་ཁང་དུ་ཁོང་གིས“བློ་མཐུན་ཀུའུ་ཝུན་ཁྲང་ལ་སློབ་སྦྱོང་བྱེད་པར། ཁོང་གི་ཡ་རབས་སྤྱོད་བཟང་ལ་གུས་བཀུར་ཡིད་སྨོན་ཞུ་དགོས་པ་མ་ཟད། ད་དུང་བཟང་པོ་མཐོང་ན་མིག་ལྟོས་ཡར་འགྲན་གྱིས་ཁོང་ནང་བཞིན་བྱེད་པ་དང་ཁོང་ནང་བཞིན་གྱིས་སྲིད་སྐྱོང་དགོས”ཞེས་ནན་བཤད་གནང་ཡོད།

    དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ཞེས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་འདུས་པའི་ཕུགས་བསམ་དད་སེམས་དང་། རིན་ཐང་གི་འདུ་ཤེས། ཀུན་སྤྱོད་ཀྱི་འདུ་ཤེས། སྒྲིག་ཁྲིམས་ཀྱི་འདུ་ཤེས་བཅས་རྒྱས་བཤད་གཏིང་ཟབ་བྱེད་སྐབས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ཀྱི་རྨང་གཞིའི་ཐོག་སྦྲང་ཆར་ཟིལ་མས་སྐྱེ་དངོས་བརླན་པ་བཞིན་ཏང་ཡོན་དང་ལས་བྱེད་པར་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི་སྤྱིའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་ཁྲིད་སྟོན་བྱེད་པ་ཞིག་ལ་ཟེར།

    སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་ནས་སྤྱོད་གཙང་རུལ་རྒོལ་གྱི་སྤྱི་ཚོགས་ཀྱི་དར་སྲོལ་བར་དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་བྱེད་པ་ནི་དར་སྲོལ་ཞིག་ཏུ་གྱུར་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྲིད་དོན་གཙང་སྐྱོང་བྱས་ན་ད་གཟོད་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་། དབང་ཆ་དྲང་གཞག་སྤྱད་ན་ད་གཟོད་མི་སེམས་འགུག་ཐུབ”ཅེས་བཀའ་སློབ་ནན་ཏན་གནང་ཡོད།

    འགོ་ཁྲིད་ལས་བྱེད་པའི་འགན་བཞེས་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་ས་ཆ་གང་དུ་ཕེབས་ཀྱང་གཉེན་ཉེ་དང་གྲོགས་པོ་ཚོར“ང་རང་ལས་ཀ་བྱེད་སར་ཚོང་ལས་བྱེད་སྒོ་གང་ཡང་སྤེལ་མི་ཆོག་ལ། ངའི་མིང་ཁྱེར་ནས་བྱ་བ་གང་ཡང་སྒྲུབ་མི་ཆོག དེ་མིན་ན་ངས་སྤུན་མཆེད་བརྩི་ཡི་མི་འདུག་མ་ཟེར་ཞིག”ཅེས་བསླབ་བྱ་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དམ་པ་དོན་གཉེར་དང་མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་དར་སྲོལ་གསར་པ་གསོ་སྐྱོང་བྱེད་དགོས”ཞེས་ནན་བཤད་གནང་བ་དང་། “སྤྱོད་གཙང་གི་འདུ་ཤེས་དང་སྤྱོད་གཙང་གི་དཔེ་མཚོན་དྲིལ་བསྒྲགས་ཧུར་ཐག་བྱས་ནས་སྤྱོད་གཙང་རུལ་རྒོལ་གྱི་དར་སྲོལ་བཟང་པོ་གཏོད་དགོས”ཞེས་བླང་བྱ་བཏོན་གནང་ཡོད།

    སྤྱོད་གཙང་གི་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་། སྲིད་གཙང་སློབ་གསོའི་རྟེན་གཞི། སྤྱོད་གཙང་གི་གྲོང་ཚོ་དང་གྲོང་ལྷན་སོགས་བཙུགས་ནས་མང་ཚོགས་ཀྱི་དགོས་མཁོ་བསྐངས་བ་དང་། “སྤྱོད་གཙང་གི་ས་བཀྲ”སོགས་ཀྱི་ལས་སྟེགས་ཡག་པོ་སྤྱད་དེ་སྤྱོད་གཙང་རིག་གནས་ཀྱི་གཡུལ་ས་མང་དག་ཅིག་བཏོད་ཡོད། ད་ཆ་ལས་ཁུངས་ནས་སློབ་གྲྭ་དང་སྡེ་ཁུལ་ནས་གྲོང་གསེབ་བར་སྤྱོད་གཙང་སྲོལ་བཟང་ཀྲུང་གོའི་ས་གཞི་ཆེ་མོར་ཁྱབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།