ལེའོ་ཉིང་ཧྥུའུ་ཧྲུན་གྱིས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་རྒྱུན་གཏན་ཆགས་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ།
ལེ་ཧྥུང་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ།
ལེའོ་ཉིང་ཞིང་ཆེན་ཧྥུའུ་ཧྲུན་གྲོང་ཁྱེར་ཧྲུན་ཁྲེང་ཆུས་ཧོ་པེ་ཤང་ལན་ཏའོ་གྲོང་ཚོའི་གྲོང་མི་ཀྲང་ཞུའེ་ཡི་སྐོར་གླེང་སྐབས། ཉེ་འགྲམ་གྱི་གྲོང་མི་ཚང་མས་བསྟོད་པའི་མཐེ་བོང་བསྒྲེངས་ནས“ཁོ་མོས་བསྒྲུབས་པའི་བྱ་བཟང་སྐོར་བཤད་ནས་བཤད་མི་ཚར”ཞེས་ཟེར།
ཟླ་7པར་ཧྥུའུ་ཧྲུན་དུ་དྲག་ཆར་བབས་རྗེས་ཀྲང་ཞུའེ་ཡིས་རང་ཁྱིམ་གྱི་ཞིང་ལས་ཐོན་རྫས་སེར་སྣ་མེད་པར་བཏོན་ནས་རུས་ཐང་བསྐོལ་བ་དང་། བྱ་ཤ་བཙོས་པ། མ་རྨོས་ལོ་ཏོག་གི་ཐུག་པ་བསྐོལ་བ་བཅས་བྱས་ཏེ་ཉིན་3བསྟུད་མར་བཀོད་སྒྲིག་བྱ་ཡུལ་གྱི་དུད་ཚང་50ལྷག་ཙམ་གྱི་གྲོང་མིར་བསྐྱལ་བ་རེད།
ཁོང་ནི་ཧྥུའུ་ཧྲུན་གྱིས་བདམས་པའི་སྐབས་བཅུ་དགུ་པའི“མི་སེར་གྱི་ལེ་ཧྥུང”རེད།
ཧྥུའུ་ཧྲུན་ནི་ལེ་ཧྥུང་གི་ཕ་ཡུལ་གཉིས་པ་རེད་ལ། ལེ་ཧྥུང་གི་སྙིང་སྟོབས་དར་སའང་རེད།
2018ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཧྲུན་གྲོང་ཁྱེར་གྱི་ལེ་ཧྥུང་དྲན་གསོ་ཁང་དུ་གཟིགས་སྐོར་གནང་སྐབས“ང་ཚོས་ལེ་ཧྥུང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་ལ་ལེ་ཧྥུང་གི་བྱེད་སྟངས་ལའང་སློབ་སྦྱོང་གིས་བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་དང་ཀུན་སྤྱོད་དང་གཤིས་རྒྱུད་དོན་གཉེར་བྱེད་པ་དེ་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་བར་བྱས་ཏེ། སྤྱིར་བཏང་གི་ལས་དོན་དང་འཚོ་བའི་ཁྲོད་ནས་མངོན་པར་བྱེད་པ་དང་རང་ཉིད་ཀྱིས་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཏེ་ལེ་ཧྥུང་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཧྥུའུ་ཧྲུན་གྱིས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོའི་ནང་དོན་རྒྱ་ཆེར་ཧུར་ཐག་བཏང་སྟེ། ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་དེ་རྒྱུན་གཏན་ཆགས་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ་ལེ་ཧྥུང་གི་སྙིང་སྟོབས་ལ་དུས་རབས་གསར་པར་དེ་བས་བཀྲག་མདངས་འཚེར་བར་བྱས་ཡོད།
ལེ་ཧྥུང་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ལ་དར་རྒྱས་གོང་འཕེལ་གཏོང་དགོས།
“ང་ཚོའི་མེ་གསོད་རོགས་སྐྱོབ་ས་ཚིགས་ཀྱི་མེ་གསོད་པ་རྒན་གྲས་ཚོས་ལེ་ཧྥུང་དང་མཉམ་དུ་དམག་འཐབ་བྱེད་མྱོང་ཡོད། རྒྱུག་མཐུད་དབྱུག་པ་བླངས་རྗེས་ང་ཚོས་ལེ་ཧྥུང་གི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱེད་དགོས”ཞེས་ཝང་ཧྭ་ཆུས་སུ་ལེ་ཧྥུང་མེ་གསོད་རོགས་སྐྱོབ་ས་ཚིགས་ཀྱི་མེ་གསོད་པ་ཀྲུའུ་ཀྲའོ་ཧུའེ་ཡིས་བཤད།
ཟླ་7པར་དྲག་ཆར་བབས་རྗེས་དཔུང་ཁག་དེ་མགྱོགས་མྱུར་རྡོག་ཐོན་གྱིས་བྲང་ཁོག་བར་སླེབས་པའི་ཆུའི་ནང་སྨི་200ལྷག་ཙམ་བསྐྱོད་དེ་ཐག་ཟམ་འཐེན་ནས་ཉེན་གྱར་གྲོང་མི་ཉེན་ཁའི་གནས་ལ་གྲོལ་བར་བྱས་ཡོད།
“ལེ་རྟགས་ཅན”གྱི་ཚན་པ་30ལྷག་ཙམ་དང་ལེ་ཧྥུང་གི་བརྗོད་དོན་གཙོ་བོའི་འགྲེམས་ཁང་20ལྷག་ཙམ་སོགས་ཧྥུའུ་ཧྲུན་གྱིས་ཉེ་བའི་ལོ་ཤས་རིང་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བསམ་པའི་ཁྱིམ་གཞིས་དང་ལག་ལེན་གྱི་གཞི་རྟེན་ཧུར་ཐག་བཏོད་ཡོད།
ལེ་ཧྥུང་དྲན་གསོ་ཁང་རིམ་སྤོར་སྒྱུར་བཀོད་བྱས་པ་དང་། རྒྱལ་ཡོངས་སུ་སྐོར་སྐྱོད་འགྲེམས་ཁང་7བཙུགས་པ། དྲ་ཐོག་གྲངས་འཛིན་འགྲེམས་ཁང་དང་རྟོག་བཟོའི་དངོས་ཡོད་འགྲེམས་ཁང་ཤར་གཏོང་བྱས་ནས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་དང་ས་ཁུལ་60ལྷག་ཙམ་གྱི་མི་ཐེངས་ཁྲི་7600ལྷག་ཙམ་ལྟ་སྐོར་བྱེད་པར་སྣེ་ལེན་ཞུས་ཡོད། “ལེ་ཧྥུང་གིས་སྐྱོད་མྱོང་བའི་ལམ་བུར་སླར་ཡང་བསྐྱོད། གཞོན་ནུའི་དུས་སུ་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད”ཅེས་པའི་དབྱར་གསེང་རིང་གི་སློབ་ཆེན་སློབ་མའི་སྤྱི་ཚོགས་ལག་ལེན་སོགས“ལེ་ཧྥུང་+”ཞེས་པའི་བརྗོད་དོན་གཙོ་བོའི་ཞིབ་སྦྱོང་བྱེད་སྒོ་སྤེལ་བར་སློབ་གྲྭ་300ལྷག་ཙམ་གྱི་དགེ་སློབ་མི་ཐེངས་ཁྲི་20ལྷག་ཙམ་ཞུགས་པ་སོགས་ཧྥུའུ་ཧྲུན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ལེ་ཧྥུང་གི་སྙིང་སྟོབས་ཡུལ་དུས་ལས་བརྒལ་བ་དང་མི་སེམས་སུ་ཟུག་པར་སྐུལ་འདེད་བཏང་ཡོད།
ལེ་ཧྥུང་གི་སྙིང་སྟོབས་དེ་དངོས་སྒྲུབ་ཁྲོད་ནས་རྒྱུན་འཛིན་བྱས་ཡོད།
ཝང་ཧྭ་ཆུས་ཧོ་ཕིང་ཁྲོམ་གཞུང་ལེ་ཧྥུང་སྡེ་ཁུལ་ནི་ལེ་ཧྥུང་འཚོ་བཞུགས་སྐབས་ཀྱི་ལེན་ཤོག་གནས་ཡུལ་དེ་རེད།
“སྡེ་ཁུལ་གྱི་གྲོང་མིའི་བཅུ་ཆ་བཞི་ནི་རྒན་རྒོན་རེད། ང་ཚོས་སྔོན་ལ‘ལེ་ཧྥུང་ལས་ཚབ་ས་ཚིགས’འཛུགས་པའི་འཚོལ་ཞིབ་བྱས་ཏེ་གྲོང་མིར་རིན་མེད་ངང་གྲོན་དངུལ་ཚབ་སྤྲོད་སོགས་ཀྱི་ཞབས་ཞུ་ཁག་67མཁོ་འདོན་བྱས་ཡོད”ཅེས་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཀྲེན་ཧྭ་ཡིས་བཤད།
ད་ཆ“ལེ་ཧྥུང་ལས་ཚབ་ས་ཚིགས”ཧྥུའུ་ཧྲུན་གྲོང་ཁྱེར་ཡོངས་སུ་ཁྱབ་གདལ་བཏང་ནས་ས་ཚིགས་1300ལྷག་ཙམ་བསྐྲུན་ཟིན་པ་དང་ལས་ཚབ་མི་སྣ་ཁྲི་1ལྷག་ཙམ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཐབ་ས་དང་པོར་ལས་ཀ་བྱེད་བཞིན་ཡོད། ཧྥུའུ་ཧྲུན་གྱིས་རིམ་རྩིས་བརྒྱབ་ན་རིམ་པ་ཁག་གི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་མཁན་སྔོན་ཐོན་མཉམ་སྡེབ་900ལྷག་ཙམ་དང་སྔོན་ཐོན་མི་སྒེར་1000ལྷག་ཙམ་གསོ་སྐྱོང་བྱས་ཡོད། ལོ་20བསྟུད་མར“མི་སེར་ལེ་ཧྥུང”དཔྱད་འདེམས་བྱས་པར་རིམ་རྩིས་བརྒྱབ་ན་མི་སྒེར་205དང་ཚོགས་པ་70བདམས་ཡོད།
ཚང་མས་ལེ་ཧྥུང་གོང་དུ་བཀུར་ཞིང་། ལེ་ཧྥུང་ལ་སློབ་སྦྱོང་བྱེད་པ་དང་ལེ་ཧྥུང་བརྩོན་ལེན་བྱེད་ཀྱི་ཡོད། ཧྥུའུ་ཧྲུན་དུ་ལེ་ཧྥུང་ལ་སློབ་སྦྱོང་བྱེད་མཁན་དང་བླངས་ཞབས་ཞུའི་དཔུང་ཁག་1700ལྷག་ཙམ་བཙུགས་པ་དང་། ལེ་ཧྥུང་ལ་སློབ་སྦྱོང་བྱེད་མཁན་དང་བླངས་པ་ཁྲི་25ལྷག་ཙམ་གསོ་སྐྱོང་བྱས་པ། དང་བླངས་ཞབས་ཞུའི་རྣམ་གྲངས་ཁྲི་1ལྷག་ཙམ་བཏོད་པ། སྤུས་ལེགས་ཀྱི་ཞབས་ཞུའི་རྣམ་གྲངས་400ལྷག་ཙམ་བཏོད་པ་བཅས་བྱས་ཡོད།
དེ་གར་ལེ་ཧྥུང་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།