གསར་གཏོད་ཀྱི་མེ་ཏོག་ས་མཐོའི་ཞིང་ས་གཤིན་པོར་བཞད་པར་བརྩོན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་དེ་ཡིན་ཞེས་གསུངས་ཡོད། གངས་ལྗོངས་ས་མཐོར་མཚོན་ན། བཀའ་མོལ་དེ་ནི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་པའི་འཚོ་བ་ལེགས་སུ་གཏོང་བའི“གསེར་གྱི་ལྡེ་མིག”ལྟ་བུ་རེད། ཉེ་བའི་ལོ་ཤས་རིང་། ས་མཐོའི་གྲོང་གསེབ་ཏུ་འདེབས་གསོ་བྱེད་སྟངས་ནས་ཐོན་རྫས་བྲིན་ཚོང་གི་བར་དང་། ཐོན་སྐྱེད་གཉེར་སྐྱོང་ནས་འཚོ་བའི་ལྟ་བར་འགྱུར་ལྡོག་ཕྱིན་པའི་བར་མཐར་གཏུགས་ནས་བཤད་ན“གསར་པར”བརྟེན་ནས་བྱུང་བ་ཞིག་སྟེ། གསར་གཏོད་དོན་འཁྱོལ་བྱས་པ་ལས་ཐོན་པའི་ཕན་འབྲས་དངོས་ཡིན་པ་རེད།
གསར་གཏོད་དང་འཕེལ་རྒྱས་གཏོང་བར་ཐོག་མར་ཐོན་སྐྱེད་བྱེད་སྟངས་འགག་སྒྲོལ་བྱེད་དགོས་ཤིང་། སྔོན་མ་ས་ཞིང་འདེབས་སྐབས་ག་དུས་འདེབས་དགོས་པ་དང་ལུད་ག་ཚོད་རྒྱག་དགོས་པ་གཙོ་བོ་ཉམས་མྱོང་ལ་བརྟེན་དགོས། ད་ཆ་སོན་བཟང་འདེམས་གསོ་དང་། ས་དཔྱད་ལུད་སྦྱོར། ཆུ་གྲོན་ཆུང་དང་ཞིང་ཆུ་འདྲེན་པ་སོགས་ཀྱི་ལག་རྩལ་ཞིང་ནང་དང་མུ་ཁར་ཁྱབ་ནས་ས་ཞིང་འདེབས་སྐབས་ཞིང་འབྲོག་པའི་གདེང་ཚོད་དེ་བས་ཆེ་རུ་ཕྱིན་ཡོད། དེ་སྔ་ནོར་ལུག་གསོ་སྐབས་དགུན་ཁ་ཤ་ཤེད་སྦྱག་པ་དང་དཔྱིད་ཀ་རིམས་ནད་ཐོན་པར་སྐྲག་གི་ཡོད། ད་ཆ་དྲོད་ཁང་དུ་གསོ་ཚགས་དང་། གཟན་རྩྭ་སྔོ་བསྙལ། ཚན་རིག་དང་མཐུན་པའི་རིམས་འགོག་སོགས་ཀྱི་བྱ་ཐབས་ཁྱབ་གདལ་བཏང་བས་འབྲོག་པ་མང་པོ་ཞིག་གི་སེམས་ཁྲལ་ཆུང་དུ་ཕྱིན་ཡོད། གསར་གཏོད་ནི་སྲོལ་རྒྱུན་དོར་བ་ཞིག་མིན་པར་ལག་རྩལ་གསར་པར་བརྟེན་ནས་དེ་སྔའི་ཐོན་སྐྱེད་ཁྲོད་ཀྱི་ཞན་ཆ་བསལ་ཏེ“གནམ་ཆུ་སྒུག་དགོས་པ”དེ“ཚན་རིག་དང་མཐུན་པའི་འདེབས་འཛུགས”ལ་འགྱུར་བར་བྱ་རྒྱུ་དེ་རེད།
གསར་གཏོད་དང་འཕེལ་རྒྱས་གཏོང་བར་ལག་རྩལ་ཡང་མང་ཚོགས་ཀྱི་འགྲམ་དུ་སྐྱེལ་དགོས་ཤིང་། ས་མཐོའི་གྲོང་གསེབ་ཏུ་དགོས་མཁོ་ཆེ་ཤོས་ནི་གནད་དོན་དངོས་ཐག་གཅོད་བྱེད་པའི་ཐབས་ཤེས་དེ་རེད། ཞིང་ལས་ལག་རྩལ་པས་གྲོང་ཚོ་དང་མུ་ཁར་བསྐྱོད་དེ་འདེབས་འཛུགས་དང་། གསོ་ཚགས། རིམས་འགོག་བཅས་བྱེད་སྟངས་བསླབས་ཡོད། ཞིང་འཕྲུལ་ཞིང་ཁར་བཏང་བ་དང་མི་མེད་གནམ་གྲུ་རྩྭ་རར་བཏང་ཞིང་། སྔོན་ཆད་རྦད་དེ་མི་ཤུགས་ལ་བརྟེན་དགོས་པའི་ལས་ཀ་དེ་དག་ད་ཆ་མི་ཤུགས་གྲོན་ཆུང་དང་གནད་ལ་སྨིན་པའི་སྒོ་ནས་སྒྲུབ་པའི་ཐབས་ཤེས་ཡོད། འབྲུ་རིགས་སྣ་ཁ་གསར་པ་དང་། ལག་རྩལ་གསར་པ། ཚན་རིག་དང་མཐུན་པའི་དོ་དམ་བྱ་ཐབས་བཅས་རེ་རེས་ས་ཞིང་ཞིག་གི་ཐོན་འབབ་མང་དུ་གཏོང་ཐུབ་པ་དང་ནོར་ལུག་རྣམས་ཤ་ཤེད་རྒྱས་ཐུབ་པ་མ་ཟད། ཞིང་འབྲོག་པའི་འཚོ་བར་ཡང་འགན་ལེན་དེ་བས་ལེགས་་པ་བྱེད་ཐུབ་ཀྱི་ཡོད།
ས་མཐོའི་གྲོང་གསེབ་འཕེལ་རྒྱས་ཀྱི་ལག་ལེན་ཐོག་ནས་གསར་གཏོད་ཀྱི་ཕན་འབྲས་དེ་མཐར་གཏུགས་ན་མང་ཚོགས་ཉེ་འགྲམ་གྱི་མིག་མཐོང་ལག་ཟིན་ཐུབ་པའི་འགྱུར་ལྡོག་རེ་རེར་ཐུག་པ་དེ་ང་ཚོར་བརྗོད་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་གསར་གཏོད་ཀྱི་ཤུགས་རྒྱག་ས་དེ་མང་ཚོགས་ཀྱིས་དོ་ཁུར་བྱེད་མང་ཤོས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐོག་བཞག་ནས་ལག་རྩལ་གསར་པ་དང་། བྱེད་སྟངས་གསར་པ། ལས་རྣམ་གསར་པ་བཅས་དེ་བས་མང་བ་ས་མཐོའི་ཞིང་ས་གཤིན་པོར་གཞི་ཚུགས་ཐུབ་པར་བྱས་ཚེ། གྲོང་གསེབ་དར་རྒྱས་གཏོང་རྒྱུ་དེ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་སྐྱེ་སྟོབས་གསར་པ་རྒྱས་ངེས་རེད་ལ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའང་སྔར་བས་ལེགས་སུ་འགྲོ་ངེས་རེད།
འབྲེལ་ཡོད་གསར་འགྱུར།