གཞིས་རྩེ་གྲོང་ཁྱེར་ཕྱི་ཕྱོགས་ཚོང་དོན་མཐུན་ཚོགས་བཙུགས་པ།
ཚེས་14ཉིན། གཞིས་རྩེ་གྲོང་ཁྱེར་ཕྱི་ཕྱོགས་ཚོང་དོན་མཐུན་ཚོགས་བཙུགས་པའི་ཚོགས་ཆེན་དང་སྐབས་དང་པོའི་ཚོགས་མིའི་ཚོགས་ཆེན་ཐེངས་དང་པོ་འཚོགས་པ་ལས་གྲོང་ཁྱེར་དེའི་ཕྱི་ཕྱོགས་ཚོང་དོན་ལས་རིགས་ཚད་ལྡན་ཅན་དང་མཐུན་སྦྱོར་ཅན་གྱི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།
ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་ཧུར་ཐག་ཞུགས་ནས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཤར་གཏོང་བྱས་ཏེ། མཐའ་མཚམས་ཚོང་དོན་དང་ཟོག་འགྲུལ་ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་ཀྱི་འཕོ་འགྱུར་དང་། ལས་ཕྱོད་ཀྱི་འཕོ་འགྱུར། སྒུལ་ཤུགས་ཀྱི་འཕོ་འགྱུར་བཅས་ལ་སྐུལ་འདེད་བཏང་ནས་བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་རྒྱལ་སྤྱིའི་ཟོག་འགྲུལ་ལྟེ་གནས་དང་ཐོན་ལས་གཅིག་སྡུད་ཀྱི་མཐོ་ས་ནུས་ཤུགས་ཡོད་རྒུས་བཏོད་ཡོད། གཞིས་རྩེ་གྲོང་ཁྱེར་དུ་ད་ཆ་ཕྱི་ཕྱོགས་ཚོང་དོན་གྱི་ཁེ་ལས་1038ཡོད་པ་དང་ཁེ་ལས་ཀྱི་གྲས་སུ་རྒྱལ་སྤྱིའི་ཟོག་འགྲུལ་དང་། ཐོན་སྐྱེད་ལས་སྣོན་སོགས་ལས་རྣམ་སྣ་མང་ཚུད་ཡོད་པས་ཕྱི་ཕྱོགས་ཚོང་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད།
མཐུན་ཚོགས་བཙུགས་པ་དེས་གཞིས་རྩེ་གྲོང་ཁྱེར་གྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་དཔུང་སྒྲིལ་འཕེལ་རྒྱས་གཏོང་བ་དང་། ཨེ་ཤེ་ཡ་ལྷོ་མའི་ཁྲོམ་ར་གསར་འབྱེད་བྱ་རྒྱུར་དེ་བས་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་ཐུབ་རྒྱུ་རེད། མཐུན་ཚོགས་ཀྱིས་ཐོན་ཁུངས་བསྡུ་སྒྲིལ་དང་། ལས་རིགས་ཀྱི་ཁྲིད་སྟོན། ཞབས་ཞུས་མཐུན་རྐྱེན་སྦྱོར་བ་བཅས་ཀྱི་ནུས་པ་གང་ལེགས་བཏོན་ཏེ་ལས་རིགས་འཕེལ་རྒྱས་ཚད་ལྡན་དུ་རྒྱུན་མཐུད་གཏོང་བ་དང་། ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་འཕེལ་བར་བྱེད་པ། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཞིས་རྩེ་གྲོང་ཁྱེར་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་ཆེན་པོའི་ནང་མཉམ་འདྲེས་གཏིང་ཟབ་ཐུབ་པ་དང་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།