དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འདི་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱིས“ཐོན་གསར་གསུམ”གྱི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་མགྱོགས་མྱུར་འཕར་བ།

    ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་2.37ཟིན་པ་དེ་དུས་མཚུངས་ལས་64.5%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-18

    ཉེ་ཆར་གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱིས་ནུས་གསར་རླངས་འཁོར་དང་། ལིས་གློག་རྫས། འོད་ཤུགས་ཐོན་རྫས་བཅས་མཚོན་བྱེད་དུ་བྱས་པའི“ཐོན་གསར་གསུམ”གྱི་ཐོན་རྫས་ཕྱིར་གཏོང་ཚད་མགྱོགས་མྱུར་འཕར་ཞིང་། ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་2.37ཟིན་པ་དེ་དུས་མཚུངས་ལས་64.5%འཕར་ཡོད། དེའི་ནང་ལིས་གློག་རྫས་དང་ནུས་གསར་རླངས་འཁོར་ཕྱིར་གཏོང་ཚད་དུས་མཚུངས་ལས་295.6%དང་67.0%སོ་སོར་འཕར་ནས་ཀྲུང་གོའི“རིག་ནུས”བཟོ་སྐྲུན་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་རར་རྒྱུན་ཆད་མེད་པར་གཏོང་བཞིན་ཡོད་པ་རེད།


    དེ་སྔ་བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ཐད་སྲོལ་རྒྱུན་གྱི་གྱོན་ཆས་དང་། ཁྱིམ་ཆས། ཁྱིམ་སྤྱོད་གློག་ཆས་སོགས་ཀྱི་ཚོང་ཟོག་གཙོ་བོ་ཡིན་པ་དང་། ད་ཆ་ཟུར་སྣོན་རིན་ཐང་མཐོ་བ་དང་ལྗང་མདོག་ལག་རྩལ་རྣམ་པའི“ཐོན་གསར་གསུམ”གྱི་ཐོན་རྫས་ཀྱིས་བྱང་ཆུབ་པའི་ཀྲུང་གོའི་བཟོ་སྐྲུན་ལག་རྩལ་ལ་བརྟེན་ནས་རྒྱལ་སྤྱིའི་ཁྲོམ་རར་བརྟན་པོར་གནས་ཡོད། རྒྱ་ཆེའི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱིས་ཨེ་ཤེ་ཡ་ལྷོ་མའི་ནུས་རྒྱུའི་ཕྱོགས་སྒྱུར་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ“ཐོན་གསར་གསུམ”གྱི་ཐོན་རྫས་ཕྱིར་གཏོང་གི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་བཏང་ནས། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ཐོན་ལས་ཀྱི་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་ཁྲོད་གསོན་ཤུགས་འཕེལ་བར་སྐུལ་འདེད་གཏོང་བཞིན་ཡོད།

    “རྒྱལ་ཐོན་ནུས་གསར་རླངས་འཁོར་ནེ་པ་ལའི་ཁྲོམ་རར་བྲིན་ཁ་ཧ་ཅང་རྒྱུག་པོ་འདུག”ཅེས་བོད་ལྗོངས་གྲོང་ཅེ་སྒོ་ཁྲལ་སྙན་ཞུ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས། ཁོང་གིས“དངོས་ཟོག་ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་ནས་བླུག་པ་དང་འགག་སྒོར་སྙན་ཞུ་ཕུལ་རྗེས་མགྱོགས་ཤོས་ལ་ཉིན་4ཡི་ནང་ཀ་ཏ་མན་རྡུའི་ཁྲོམ་རར་འཚོང་ཆོག་གི་ཡོད”ཅེས་བཤད།

    ཨེ་ཤེ་ཡ་ལྷོ་མ་དང་ས་འབྲེལ་ཡིན་པའི་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆར་བརྟེན་ནས་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འགག་སྒོའི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་སྟེ་འགག་སྒྲོལ་འགན་ལེན་གྱི“སྣ་འདུས་ཐབས་བཟང”བྱས་ཡོད། རྒྱལ་སྤྱིའི་ཚོང་དོན་གྱི“སྐར་ཁུང་རྐྱང་པའི”ལས་སྟེགས་སུ“རིག་ནུས་རམ་འདེགས་རེ་ཞུ”བྱེད་ས་བཏོན་པས་སྒོ་སྒྲོལ་འཛིན་ཐོའི་གྲངས་གཞི་རང་འགུལ་ངང་གྲུབ་པ་དང་། ཚང་ཐོའི་གྲངས་གཞི་རང་འགུལ་ངང་སྡེབ་སྒྲིག་བྱེད་པ། རིག་ནུས་ཀྱིས་རེ་ཞུ་ཐུབ་པ་སོགས་ཀྱི་ནུས་པ་མངོན་འགྱུར་བྱུང་ནས་ཁེ་ལས་ཀྱི་བཀོལ་སྤྱོད་ལྷུ་ཚིགས་ཁུ་བསྡུ་རུ་སོང་ཡོད། “འཛིན་གཅིག་འཁོར་མང”རེ་ཞུ་བྱེད་སྟངས་ཁྱབ་གདལ་བཏང་ནས“སྐམ་ས་དང་གྲུ་ཁའི་རེ་ཞུ་དང་། ཁོངས་གཏོགས་ཁུལ་དུ་ཞིབ་བཤེར། འགག་སྒོ་ནས་ཤར་གཏོང”བཅས་ཀྱི་མཉམ་འགུལ་ལྟ་འདོམས་བྱས་པས་འགག་སྒྲོལ་བྱེད་ཐེངས་གཅིག་གི་མཉམ་འགུལ་ལྟ་འདོམས་མཐར་ཕྱིན་པ་བྱུང་ཡོད། འགག་སྒོར“ཐོན་གསར་གསུམ”གྱི་ཞབས་ཞུའི་ཆེད་དོན་སྐར་ཁུང་བཙུགས་ཏེ་སྔ་སྣུར་དུ་ཡིག་ཐོག་སྙན་ཞུ་འབུལ་བ་དང་སྔོན་མངགས་འགག་སྒྲོལ་སོགས་ཀྱི་སྟབས་བདེའི་བྱེད་ཐབས་ཁྱབ་གདལ་བཏང་བས། འགག་སྒྲོལ་གྱི་ཕན་ནུས་ཆེ་རུ་སོང་བ་དང་ཁེ་ལས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།