ཧི་མ་ལ་ཡའི་འདབས་ཀྱི“མཛའ་གྲོགས་ཆུ་བོ”
—— ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་རུ་བསྐྱོད་པའི་ཟིན་ཐོ།

འདི་ནི་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་ཀ་ཏ་མན་རྡུའི་སྦྲག་སྲིད་ཚགས་པར་གྱི་གསར་འགོད་པ་ཨར་ཆུང·པའོ་ཏེར(གཡོན་གྱི་བཞི་པ)དང་ཁོང་གི་ནང་མི་དང་དྲན་རྟེན་མཉམ་པར་རྒྱག་བཞིན་པ།
དབྱར་ཟླ་བདུན་པ་ནི་ཀ་ཏ་མན་རྡུའི་ཆར་ཆུ་མང་བའི་དུས་རེད།
ཞོགས་པར་ཁུ་སིམ་པའི་ཐའེ་རྨིར་ཁྲོམ་གཞུང་དུ་འགྲུལ་པའི་གོམ་སྒྲ་རེ་རེ་ལས་རིམ་བཞིན་འཁྲུག་ཆ་དོད་དུ་གྱུར། བཞའ་ཚན་ཆེ་བའི་རྡོ་གཅལ་བརྒྱུད་ནས་མདུན་ཕྱོགས་སུ་སྐྱོད་སྐབས། འོ་ཇ་ཁང་སྔ་ས་ནས་སྒོ་ཕྱེ་སྟེ་ཇ་རླངས་པ་འཚུབ་འཚུབ་ངང་སྐོལ་བཞིན་ཡོད་པ་དང་། ཁྲོམ་གཞུང་གི་གང་སར་འོ་ཇའི་དྲི་ཞིམ་གྱིས་ཡོངས་སུ་ཁེངས་འདུག ཀྲུང་གོའི་བོད་ལྗོངས་དཔེ་ཚོང་ཁང་ཡང་ཁྲོམ་གཞུང་དེའི་སྦུག་ན་འདུག་ལ། 2026ལོའི་ཟླ་7པའི་ཟླ་མཇུག་ཏུ་ང་ཚོ་དཔེ་ཁང་དེར་བསྐྱོད་པ་ཡིན།
ཁྱིམ་རྒྱུད་གཅིག་ལས་མཆེད་པའི་མི་རབས་གསུམ་གྱི“ཀྲུང་གོའི་བརྩེ་སེམས”
སྐུ་ཞབས་ཧ་ལི་ཧྲི·ཆན་ཏེ་ལཱ·ཧྲ་ཡིས་རྒྱ་ཡིག་དཔེ་སྒྲོམ་གྱི་མདུན་དུ་ལངས་ནས་དཔེ་དེབ་འདེམས་བཞིན་འདུག ལོ་70ལ་ཉེ་བའི་ཁོང་ནི་ལུས་ལ་ནེ་པ་ལའི་ཆས་གོས་ལེགས་པར་སྤྲས་ཤིང་། ཉམས་དང་ལྡན་པའི་བགྲེས་སོང་ཞིག་རེད་འདུག ང་ཚོ་དཔེ་ཁང་ལ་འཛུལ་བའི་གོམ་སྒྲ་ཐོས་མ་ཐག་ཁོང་གིས་ཁ་ཕྱིར་འཁོར་ནས་བྱམས་བརྩེའི་འཛུམ་དང་བཅས་ང་ཚོར་བསུ་བ་གནང་བྱུང་།
ཁོང་གིས་རྒྱ་སྐད་ཆུ་རྒྱུག་རྒྱུག་ཅིག་བརྒྱབ་ནས“ཁྱེད་ཚོ་ཀྲུང་གོའི་བོད་ལྗོངས་ནས་ཡོང་བ་ཡིན་ནམ”ཞེས་ང་ཚོར་སྐད་ཆ་དྲིས་བྱུང་།
ནེ་པ་ལ་ཀྲུང་གོའི་རིག་གནས་སློབ་གསོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧ་ལི་ཧྲི·ཆན་ཏེ་ལཱ·ཧྲ་ནི་1977ལོར་ཀྲུང་གོར་ཡོང་ནས་པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་དུ་ལོ་7སློབ་སྦྱོང་ལ་གཞོལ། ཀྲུང་གོར་སླེབས་པའི་ཐོག་མར་ཁོང་གིས“སྐུ་ཁམས་བཟང”ཞེས་པའི་རྒྱ་སྐད་སྟབས་བདེ་པོ་དེའང་ཡག་པོ་རྒྱག་ཤེས་ཀྱི་མེད། དེ་ནས་པེ་ཅིང་གི་གྲོང་གསེབ་ཏུ་ཞིང་པར་གྲོ་བརྔ་རོགས་ལ་བསྐྱོད་པ་དང་འབྲུ་རིགས་སྤ་སེ་དང་རས་ཀྱི་སྤ་སེ་སྤྱོད་མྱོང་བའི་སྐོར་གླེང་སྐབས་ཁོང་གི་མིག་ཟུང་ལས་འོད་མདངས་རྒྱས་ཤིང་། ངོ་གདོང་ནས་འཛུམ་མདངས་ཀྱང་འཕྱུར།
དཔེ་ཁང་གི་ཅིང་ལི་ཀྲང་ཅུན་གྱིས་ང་ཚོར་ནེ་པ་ལའི་འོ་ཇ་བླུགས་བྱུང་། ཁོང་ཀ་ཏ་མན་རྡུ་རུ་འཚོ་བ་བསྐྱལ་ནས་ལོ་བཅུ་ལྷག་ཙམ་འགྲོ་ཡི་ཡོད་པ་དང་དེའི་རིང་དཔེ་ཁང་འདི་བཙུགས་པ་རེད་འདུག 2015ལོར་ས་ཡོམ་རྒྱག་སྐབས། དཔེ་ཁང་གི་དཔེ་དེབ་དང་འགྲེམས་རྫས་ཡོད་དོ་ཅོག་ས་སྟེང་དུ་ལྷུང་ནས་ཟང་ཟིང་དུ་གྱུར། འོན་ཀྱང་ཁོང་གིས་དེ་དག་ལ་སྣང་བ་མ་བཏང་བར་དཔེ་ཁང་གི་སྒོ་བརྒྱབ་ནས་ཤར་རེར་གེགས་ཁུལ་དུ་དངོས་ཟོག་སྐྱེལ་བར་ཕྱིན། གེགས་ཁུལ་ནས་ལོག་ཡོང་རྗེས་ཁོང་གིས་དཔེ་ཁང་ཟང་ངེ་ཟིང་ངེར་གྱུར་པར་ལྟ་བཞིན། སེམས་ནང་དཔེ་ཁང་གི་སྒོ་ཅི་ནས་ཀྱང་རྒྱག་མི་ཉན་སྙམ། ཁོང་གིས་ཇ་ཕོར་བླངས་ནས་ཇ་འཐུང་ཞོར“གལ་ཏེ་དཔེ་ཁང་སྒོ་བརྒྱབ་ན་ཡུལ་མི་ཚོ་གང་དུ་ཀྲུང་གོའི་དཔེ་དེབ་ལྟ་བར་འགྲོ་དགོས་སམ། དཔེ་ཁང་འདི་ནི་གངས་ལྗོངས་ས་མཐོའི་འོད་སྟོང་འཕྲོ་བའི་ཤེས་དཔལ་དང་འབྲེལ་ཡོད་ལ། ཀྲུང་ནེ་རྒྱལ་ཁབ་གཉིས་པོས་ལོ་ངོ་སྟོང་ཕྲག་རིང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་དང་ཕྱར་བ་གྲུ་འདེགས་བྱས་པའི་བརྩེ་སེམས་ཟབ་མོ་དང་ཡང་འབྲེལ་ཡོད”ཅེས་བཤད།
ལོ་7རིང་གི་ལྷ་ཁང་ཉམས་གསོའི་ལམ་བུ།
ཀྲུང་གོས་ནེ་པ་ལར་རོགས་སྐྱོར་བྱས་པའི་ཐོག་སོ་དགུ་ལྡན་གྱི་ལྷ་ཁང་ཉམས་གསོའི་རྣམ་གྲངས་ནི་ཀྲུང་གོས་ནེ་པ་ལར་ལག་ལེན་བསྟར་བའི་ཕྱི་ཕྱོགས་ལ་རིག་དངོས་ཉམས་གསོའི་རོགས་སྐྱོར་བྱེད་པའི་གཞི་ཁྱོན་ཆེ་བའི་ལས་གྲྭ་ཐོག་མ་དེ་རེད། ལས་གྲྭ་དེ་2024ལོའི་ཟླ་11པར་ལས་མཇུག་འགྲིལ་བ་དང་ཉམས་གསོ་ལོ་7བྱས་པ་རེད། རྣམ་གྲངས་དེས་85%ཡི་རྒྱུ་ཆ་རྙིང་པ་གང་ཐུབ་སྤྱད་ནས་ལོ་རྒྱུས་ཀྱི་གདོད་མའི་རྣམ་པ་སོར་འཇོག་བྱས་པ་དང་། “ཀྲུང་གོ་ཕྱོགས་ཀྱིས་ལག་རྩལ་ལ་གཙོ་ཁྲིད་བྱེད་པ་དང་ནེ་པ་ལ་ཕྱོགས་ཀྱིས་ལག་ཤེས་ངོམ་པའི”མཉམ་ལས་བྱེད་སྟངས་ཟབ་མོ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱི་རྒྱུན་སྡོད་རིགས་གཅིག་མཁས་ཅན་10ལྷག་ཙམ་གྱིས་བརྒྱུད་རིམ་ཧྲིལ་པོའི་ཇུས་འགོད་མཐུན་སྦྱོར་དང་ལག་རྩལ་ཚོད་འཛིན་གྱི་འགན་ཁུར་བ་དང་། ནེ་པ་ལའི་བཟོ་བོ་80ལྷག་ཙམ་གྱིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་ཤིང་བརྐོས་ལག་ཤེས་ལ་བརྟེན་ནས་ལྷ་ཁང་ཉམས་གསོའི་འགན་གཙོ་བོ་ཁུར་ཡོད།
ནེ་པ་ལའི་གནའ་རྫས་རྟོག་ཞིབ་ཅུས་ཀྱི་གནའ་རྫས་རྟོག་ཞིབ་དབུ་བཞུགས་དཔོན་གྱི་གཞུང་ལས་ཁང་དུ་སང་ཏི་ཕུའུ·ཁཱ་ནར་ཏེས་ང་ཚོར་ཁོང་གི་ཁ་པར་ནས་ཐོག་སོ་དགུ་ལྡན་གྱི་ལྷ་ཁང་ཉམས་གསོ་མ་བྱས་གོང་དང་བྱས་རྗེས་ཀྱི་པར་བསྟན་བྱུང་། 2015ལོའི་ཟླ་4ཚེས་25ཉིན་ས་ཡོམ་དྲག་པོ་བརྒྱབ་རྗེས། དུས་རབས་17པར་བསྐྲུན་པའི་ནེ་པ་ལའི་འཛུགས་སྐྲུན་གྱི་མཆོག་ནོར་དེའི་ཕྱེད་ཀ་ཙམ་ལ་གཏོར་སྐྱོན་ཕོག་ཡོད། “སྐབས་དེ་དུས་ལྷ་ཁང་འདི་ལག་པ་ཆེན་པོ་ཞིག་གིས་སྦར་འཛིར་བཏང་བ་ལྟར་གང་སར་རྫ་ལྷེབ་ཆག་གྲུམ་གྱིས་ཁེངས་འདུག”ཅེས་སང་ཏི་ཕུའུ·ཁ་ནར་ཏེས་བཤད། ཉམས་གསོ་བྱས་རྗེས་ཀྱི་འདྲ་པར་ལ་ལྟ་སྐབས། དམར་སྨུག་གི་སོ་ཕག་གྱང་མཐོན་པོར་བརྩིགས་ཡོད་པ་དང་། ཉི་མའི་འོད་ཟེར་འོག་ཐོག་སོ་གསུམ་ལྡན་གྱི་ཤིང་བརྐོས་ལས་གསེར་མདངས་འཕྲོ་བཞིན་འདུག
“ལྷ་ཁང་ཉམས་གསོ་བྱེད་རིང་ང་རང་རྦད་དེ་དེ་གར་བསྡད་པ་ཡིན” ས་ཡོམ་བརྒྱབ་རྗེས་ཧ་ནུ་མན་ཏུའོ་ཁཱ་ཕོ་བྲང་རྟེན་མཛོད་ཁང་དུ་རིག་དངོས་པར་ལེན་གྱི་ལས་ཀ་བྱས་ནས་བསྡད་པའི་སུའུ་ཉིར·ཏུང་ཀེར་གྱིས་ཀྲུང་གོའི་རོགས་སྐྱོར་མི་སྣའི་ལས་ཀ་བྱེད་སྟངས་ལ་བསྔགས་བརྗོད་ཀྱི་མཐེ་བོང་སྒྲེང་བཞིན“ཁོང་ཚོ་དོ་དམ་བྱེད་མཁས་པོ་འདུག་ལ་ལས་ཀའི་སྤུས་ཚད་ཀྱང་ཡག་པོ་འདུག ཐོག་སོ་དགུ་ལྡན་གྱི་ལྷ་ཁང་སྔོན་མ་ནང་བཞིན་སླར་གསོ་བྱུང་སོང”ཞེས་བཤད།
ཏུའུ་པ་ཐང་ཆེན་ནས་སྐྱོད་སྐབས་ཐོག་སོ་དགུ་ལྡན་གྱི་ལྷ་ཁང་མིག་ལམ་དུ་མངོན་ཞིང་། ལྷ་ཁང་དེ་ཉིད་ཀ་ཏ་མན་རྡུའི་ས་གཞི་ཡངས་པོར་སླར་ཡང་འགྱིང་ངེར་གནས་པ་མ་ཟད། ཕར་བལྟས་ཚོད་ལ་སྔོན་ཆད་ལས་བརྗིད་ཆགས་ཤིང་བརྟན་པ་ཞིག་ཏུ་སྣང་།
གཞུང་ལམ་གཅིག་ལས་བྱུང་བའི་ཁྲི་སྟོང་གི“དམངས་སེམས་ཟམ་པ”
ཀ་ཏ་མན་རྡུའི་ནང་སྐོར་ལམ་རྒྱུད་ནས་སྐྱོད་སྐབས། ལས་བཟོ་བ་ཚོས་རྒྱུན་གཏན་གྱི་འགྲོ་ལམ་སྲུང་སྐྱོང་བྱེད་བཞིན་འདུག མིང་ལ་པཱ་ཧ་ཏུར་ཟེར་བའི་བདག་སྐྱོང་བཟོ་པ་ཞིག་གིས་ལས་ཀ་བྱེད་འཕྲོར་བཞག་ནས་ང་ཚོར་དྲི་རྨེད་བཏང་བྱུང་། ཁོང་ནང་སྐོར་ལམ་དུ་ལས་ཀ་བྱས་ནས་ལོ་གསུམ་འགྲོ་ཡི་ཡོད། “དེ་སྔ་ཚོང་ཟོག་སྐྱེལ་བར་ཕ་གི་ནས་ཡོང་དགོས་ཀྱི་ཡོད”ཅེས་ཁོང་གིས་ཚལ་ཁྲོམ་ཕྱོགས་སུ་མཛུབ་མོ་བཙུགས་ནས་དེ་ལྟར་བཤད་པ་དང་། “སྔོན་ཆད་ཚལ་ཁྲོམ་ནས་འདི་བར་འགྲིམ་འགྲུལ་འགགས་ནས་ཆུ་ཚོད་གཅིག་ལྷག་ཙམ་འགོར་གྱི་ཡོད། འོན་ཀྱང་ད་ཆ་སྐར་མ་20ལས་འགོར་གྱི་མེད”ཅེས་ང་ཚོར་སྐད་བརྡ་མ་འཕྲོད་དོགས་ཀྱིས་ལག་བརྡ་བྱེད་བཞིན་དེ་ལྟར་བཤད། ང་ཚོ་ཀྲུང་གོ་ནས་ཡོང་བའི་གསར་འགོད་པ་ཡིན་པ་ཤེས་རྗེས། ཁོང་གིས་ལག་གཡས་པའི་མཐེ་བོང་བསྒྲེངས་ནས་འཛུམ་དམུལ་དམུལ་ངང“ཀྲུང་གོའི་ལམ། very good!”ཞེས་བཤད་བྱུང་།
1960ལོར། ཀྲུང་གོས་སྐྲུན་རོགས་བྱས་པའི་ཨ་ཉི་ཀོ་གཞུང་ལམ་དང་ཕུའུ་ལི་ཐེ་ཝུའེ་གཞུང་ལམ་ལས་ནེ་པ་ལའི་ལྷོ་བྱང་འགྲིམ་འགྲུལ་གྱི་འགག་གནད་ཤར་གཏོང་ཐུབ་ཡོད། ལོ་60ལྷག་ཙམ་རིང་། ཨ་ཉི་ཀོའི་གཞུང་ལམ་ནས་ཀ་ཏ་མན་རྡུའི་ནང་སྐོར་ལམ་བར་དང་། བོད་ལྗོངས་གཞིས་རྩེ་སྐྱིད་གྲོང་ནས་ཀ་ཏ་མན་རྡུའི་རྒྱལ་སྒྲོལ་ལྕགས་ལམ་གྱི་སྤྱོད་འཐུས་རང་བཞིན་གྱི་ཞིབ་འཇུག་བར། དེ་ནས་ཞེར་ཝ་—ཤིས་སྨི་ཁོ་ཐེའི་གཞུང་ལམ་རྣམ་གྲངས་བར། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ནེ་པ་ལ་འདི་ཉིད“སྐམ་སའི་དབུས་ཁུལ་རྒྱལ་ཁབ”ནས“སྐམ་སའི་རྒྱལ་ཁབ་ཁག་གི་ལྟེ་གནས”ལ་སྒྱུར་བའི་ལམ་རོགས་ཤིག་རེད། 2024ལོའི་ལོ་མཇུག་ཏུ་ཀྲུང་གོ་དང་ནེ་པ་ལའི་མཉམ་འབྲེལ་གསལ་བསྒྲགས་ནང་། ཕྱོགས་གཉིས་པོས་ཨ་ཉི་ཀོའི་གཞུང་ལམ་ཤར་གཏོང་འགན་ལེན་རྣམ་གྲངས་དུས་ཐེངས་བཞི་པ་དང་ནང་སྐོར་ལམ་སྒྱུར་བཀོད་དུས་ཐེངས་གཉིས་པར་མུ་མཐུད་སྐུལ་འདེད་བཏང་ནས། ནེ་པ་ལར་དེ་བས་ཡངས་པའི་འགྲོ་ལམ་རིམ་བཞིན་བསྐྲུན་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
ནེ་པ་ལའི་དངོས་ཁམས་རྨང་གཞིའི་སྒྲིག་བཀོད་དང་འགྲིམ་འགྲུལ་པུའི་འགྲོ་ལམ་སིའི་ཡན་ལག་ཅུས་ཀྱི་ཅུས་ཀྲང་ཀེ་ཕར·ཕུའུ་ལཱ་ས་ཏེ·ཧ་ཁུའུ་ལེར་གྱིས་སྣེ་ཁྲིད་དེ་ཀ་ཏ་མན་རྡུའི་འགྲིམ་འགྲུལ་མ་ལག་འཆར་འགོད་བྱེད་བཞིན་ཡོད་པ་རེད། ཀྲུང་གོས་ནེ་པ་ལར་རོགས་སྐྱོར་བྱས་པའི་རྣམ་གྲངས་སྐོར་གླེང་སྐབས་ཁོང་གིས“ཀྲུང་གོས་ནེ་པ་ལར་ལམ་དང་ཟམ་པ་སྐྲུན་རོགས་བྱས་པ་ཙམ་མ་ཟད། ད་དུང་ཡུལ་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་རྩལ་དང་ཨར་སྐྲུན་བཟོ་རྩལ་ཡང་བསླབས་བྱུང་། རྣམ་གྲངས་སྐྲུན་མཇུག་འགྲིལ་རྗེས་ང་ཚོར་ད་དུང་ལག་ཤེས་ཤིག་བསྟན་རྒྱུ་ཡོད་པས། དེ་ནི་ཕུགས་ལ་ཕན་པ་ཞིག་རེད”ཅེས་གདེང་འཇོག་བྱས་པ་དང་། ཡང་ཁོང་གིས་མདུན་དུ་བཞག་པའི་ནེ་པ་ལའི་འགྲིམ་འགྲུལ་དྲ་བའི་ས་བཀྲར་མཛུབ་མོ་བཙུགས་ནས་མཉམ་ལས་བྱེད་སྟངས་འདི་རིགས་ཧ་ཅང་ཡག་པོ་འདུག་ཅེས་བསྔགས་བརྗོད་ཡང་ཡང་བྱས།
འབྲེལ་ཡོད་གསར་འགྱུར།