དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་7པར་གྲངས་གཞི་ཡང་ཡང་འཕར་བས་དཔལ་འབྱོར་འཕེལ་ཚུལ་གསར་ལ་ལེགས་པའི་རྣམ་པ་མངོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-08-17

    ▶ དྲ་ཕྱིའི་འཛད་སྤྱོད་ཀྱི་གྲངས་གཞི་ཆེན་པོ་ལས་མངོན་གསལ། ཟླ་7པར་རིགས་ཁག་གི་འཛད་སྤྱོད་གཏོང་སྤྲོད་དངུལ་འབོར་དུས་མཚུངས་ལས་2.2%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.8འཕར་ཡོད།

    ▶ མ་རྩའི་མ་འཇོག་གྲངས་གཞི་ལས་མངོན་པར། ཟླ་7པར་སྔོན་ཐོན་བཟོ་སྐྲུན་ཁྱབ་ཁོངས་ཀྱི་མ་འཇོག་དངུལ་འབོར་དུས་མཚུངས་ལས་73.1%འཕར་བ་དེ་ཟླ་6པ་ལས་བརྒྱ་ཆའི་གྲངས་42.5འཕར་ཡོད།

    ▶ ཐོན་ལས་ཐད། ཟླ་7པར་བཟོ་ལས་གླིང་ཁུལ་གྱི་ཐོན་སྐྱེད་བྱེད་མང་བའི་སྟོན་གྲངས་དུས་མཚུངས་ལས་1.0%འཕར་ནས་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ཟླ་7པར་ཁྱབ་ཁོངས་མང་པོའི་གྲངས་གཞི་བརྟན་པོའི་ངང་ཡང་ཡང་འཕར་བ་དང་། དྲ་ཕྱིའི་འཛད་སྤྱོད་བརྟན་པོའི་ངང་འཕར་བ། མ་འཇོག་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། ཁྲོམ་རའི་མ་རྩས་རང་འགུལ་ངང་ཐོན་སྐྱེད་ནུས་ཤུགས་གསར་མའི་འབྲེལ་ཡོད་འགྲན་ལམ་བཀོད་སྒྲིག་བྱས་པ་བཅས་ལས་གསར་གཏོད་ཀྱི་གསོན་ཤུགས་རྒྱུན་མཐུད་འཕེལ་ཡོད།

    དྲ་ཕྱིའི་འཛད་སྤྱོད་ཀྱི་གྲངས་གཞི་ཆེན་པོ་ལས་མངོན་གསལ། ཟླ་7པར་རིགས་ཁག་གི་འཛད་སྤྱོད་གཏོང་སྤྲོད་དངུལ་འབོར་དུས་མཚུངས་ལས་2.2%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.8ཟིན་ཡོད། དེའི་ནང་ཁྱིམ་སྤྱོད་གློག་ཆས་དང་སྒྲ་བརྙན་ཡོ་ཆས་རིགས་ཀྱི་གཏོང་སྤྲོད་དངུལ་འབོར་དུས་མཚུངས་ལས་8.5%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་10.9ཟིན་་ཡོད། ཚོང་དུད་འབྲིང་ཆུང་གི་གཉེར་སྐྱོང་གནས་ཚུལ་མཚོན་པའི“དངུལ་ལེན”མཉེན་ཆས་ཀྱི་དངོས་ཚན་ཚོང་ལས་གསོན་ཤུགས་སྟོན་གྲངས་81.9བར་འཕར་བ་དེ་ཟླ་གོང་མ་ལས་3.1%འཕར་ཡོད།

    རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་གྲངས་གཞི་ཆེན་པོ་འཕེལ་རྒྱས་པུའི་ཞིབ་འཇུག་པ་གཞོན་པ་ཤིང་ཡུས་ཀོན་གྱིས། “ཟླ་བདུན་པའི་འཛད་སྤྱོད་ཐད་དགའ་འོས་པའི་འགྱུར་ལྡོག་བྱུང་བ་ནི་བྲིན་ཚོང་རྒྱ་ཆེར་ཕྱིན་ཡོད། དྲ་ཕྱིའི་འཛད་སྤྱོད་བརྟན་པོའི་ངང་འཕར་བ་དང་། འཛད་སྤྱོད་ཆེ་གྲས་དུས་གཅིག་ཏུ་སླར་གསོ་བྱུང་བ། དབྱར་གསེང་གི་རིག་གནས་ཡུལ་སྐོར་གྱིས་མི་ཚོགས་མང་དུ་ཕྱིན་པ་བཅས་ལས་ཚོང་སྐོར་ཆེ་གྲས་ཁག་དང་། ཁྲོམ་གཞུང་གི་ཚོང་ཁང་ཆུང་གྲས། སྡེ་ཁུལ་གྱི་ཚོང་ཁང་སོགས་ཀྱི་འཛད་སྤྱོད་རྣམ་པ་སྔར་བས་ལེགས་སུ་ཕྱིན་ནས་ཁྲོམ་རའི་གཏིང་ཤུགས་མགྱོགས་མྱུར་ཆེ་རུ་ཕྱིན་ཡོད་ཅེས་བརྗོད།

    མ་རྩའི་མ་འཇོག་གྲངས་གཞི་ལས་མངོན་པར། ཟླ་7པར་སྔོན་ཐོན་བཟོ་སྐྲུན་ཁྱབ་ཁོངས་ཀྱི་མ་འཇོག་དངུལ་འབོར་དུས་མཚུངས་ལས་73.1%འཕར་བ་དེ་ཟླ་6པ་ལས་བརྒྱ་ཆའི་གྲངས་42.5འཕར་ཡོད། རྩིས་ནུས་དང་། གྲངས་གཞི། དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་དང་འབྲེལ་བའི་རྣམ་གྲངས་ཀྱི་འོས་ཐོབ་དངུལ་འབོར་དུས་མཚུངས་ལས་0.8%འཕར་ཡོད།

    ཐོན་ལས་ཐད། ཟླ་7པར་བཟོ་ལས་གླིང་ཁུལ་གྱི་ཐོན་སྐྱེད་བྱེད་མང་བའི་སྟོན་གྲངས་དུས་མཚུངས་ལས་1.0%འཕར་ནས་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། གློག་འདྲེན་ཕྱེད་གཟུགས་དང་། རྒྱུ་ཆ་གསར་པ། གྲངས་འཛིན་རིག་ནུས་ཁྱབ་ཁོངས་བཅས་ཀྱི་སྟོན་གྲངས་དུས་མཚུངས་ལས་11.6%དང་། 8.9% 4.8%བཅས་སོ་སོར་འཕར་ཡོད། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་འབྲེལ་ཡོད་ཁེ་བེད་བདག་ཐོབ་སྤྲོད་ཚད་དུས་མཚུངས་ལས་10.7%འཕར་བའི་ནང་མི་ཐབས་རིག་ནུས་ཀྱི་འབྲེལ་ཡོད་ཁེ་བེད་བདག་ཐོབ་སྤྲོད་ཚད་དུས་མཚུངས་ལས་60.0%འཕར་བ་དང་འཕར་ཚད་ཟླ་6པ་ལས་བརྒྱ་ཆའི་གྲངས་21.7ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།