ཞིང་ས་གཤིན་པོའི་ཕང་བ་ནས། གྲོ་སྙེའི་དྲི་ཞིམ་ལྷང་ལྷང་འཐུལ།

འདི་ནི་ཧོ་ནན་ཤིང་ཤང་ཡོན་ཡང་རྫོང་གི་གྲོའི་ཞིང་ཁར་ཐོན་འབབ་ལེགས་པོ་བྱུང་བ།

འདི་ནི་མོག་མོག་སྣ་ཚོགས་ཡིན་པ།

འདི་ནི“ཤིན་ཅང་གི་གྲོ་ཨང་45”ཡི་ས་བོན་ཡིན་པ།

འདི་ནི་ཙོང་སྣུམ་བག་ལེབ་ཡིན་པ།

འདི་ནི་ལུག་ཤའི་བསྲེས་ཐུག་ཡིན་པ།

འདི་ནི“ཅེ་གྲོ་20”ཡི་ས་བོན་ཡིན་པ།

འདི་ནི“ལུའུ་ཞིབ་951”གི་ས་བོན་ཡིན་པ།

འདི་ནི་ཤིན་ཅང་ཁུ་ཁྲེའི་བག་ལེབ་ཚོང་ཁང་ཡིན་པ།
“འཐེན་ཐུག་རྨ་ཆུའི་རྒྱུན་དང་མཚུངས”ཞེས་པ་ལྟར་རྨ་ཆུའི་ཁུག་སོ་བཅོ་བརྒྱད་ཀྱི་ས་ཁུལ་དུ་ལྷེབ་ཐུག་དང་། ཐུག་རིལ་ནར་མ། བསྲེས་ཐུག་སོགས་ཐུག་པ་འདྲ་མིན་སྣ་ཚོགས་ཡོད་པ་དང་། འབྲི་ཆུའི་ལྷོ་རྒྱུད་དུ་ཚགས་ཆུང་ཤ་མོག་དང་རླངས་མོག་ཆུང་ཆུང་སོགས་ཧ་ཅང་མང་། དཔྱིད་འགོའི་བག་ལེབ་དང་། དབྱར་གཞུང་གི་གྲང་ཐུག ལོ་གསར་དང་དུས་ཆེན་སྐབས་ཀྱི་མོག་མོག་སོགས་དུས་ཀྱི་གོམ་འགྲོས་དང་བསྟུན་ནས་གྲོ་ཞིབ་ཀྱི་ལྟོ་ཆས་སྣ་ཚོགས་མི་རྣམས་ཀྱི་ལྟོ་དུས་གསུམ་པོ་དང་དུས་ཚིགས་བཞི་པོར་ཡོངས་སུ་ཁྱབ་ཡོད།
ལོ་རྒྱུས་ནང་འཁོད་པ་ལྟར་ན། གྲོ་ཀྲུང་གོར་ཁྱབ་རྗེས་རྨ་ཆུའི་རྒྱུད་དུ་རྩ་བ་ཚུགས་ནས་ལོ་ངོ་སྟོང་ཕྲག་ཁ་ཤས་སོང་་ཡོད་ཅིང་། གྲོ་འདེབས་པ་དང་གྲོ་ཞིབ་འཐག་པ་སོགས་ཀྱི་ལག་རྩལ་ལེགས་སུ་སོང་བ་དང་ཐབ་ཆས་དང་སྐོལ་ཆས་ཡག་ཏུ་ཕྱིན་པ་དང་སྦྲགས་ས་གནས་ཁག་གི་ཁྱད་ཆོས་ཟབ་མོ་ལྡན་པའི་གྲོ་ཞིབ་ཀྱི་ཟས་རིགས་སྣ་ཚོགས་ཐོན་ཏེ། གྲོ་སྙེའི་དྲི་ཞིམ་དེ་ཀྲུང་ཧྭའི་ས་གཞི་ཆེ་མོའི་ཐོག་གི་ཞིམ་ཟས་ཀྱི་བརྡ་རྟགས་མངོན་གསལ་དོད་ཤོས་དེར་གྱུར་ཡོད། ད་ཆ་རང་རྒྱལ་དུ་ལོ་འཁོར་མོར་གྲོ་འདེབས་ཁྱོན་མུའུ་དུང་ཕྱུར་3.5ཟིན་པ་དང་སྤྱིའི་ཐོན་འབབ་ལོ་མང་བསྟུད་མར་ཏུན་དུང་ཕྱུར་1.3ཡན་ཟིན་ཏེ་གོ་ལ་ཧྲིལ་པོའི་17%བཟུང་ཞིང་གོ་ལ་ཧྲིལ་པོ་ནས་གྲོ་ཐོན་སྐྱེད་དང་འཛད་སྤྱོད་བྱེད་མཁན་རྒྱལ་ཁབ་ཆེན་པོ་དང་པོར་གྱུར་ཡོད།
དགོས་མཁོ་སྣ་ཚོགས་ཀྱིས་གྲོའི་ནད་འགོག་ནུས་པ་དང་སྤུས་ཀ་ལེགས་སུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་། གྲོ་ཡི་སྣ་ཁ་འདེམས་གསོ་བྱེད་སྐབས་ཐོན་འབབ་ཁོ་ན་གཙིགས་ཆེར་འཛིན་པ་ནས་རིམ་བཞིན་ཐོན་འབབ་མཐོ་པོ་དང་། སྤུས་ཀ་ལེགས་པོ། ནད་འགོག་ནུས་པ་ཡག་པ། གང་སར་འཚམ་པ་བཅས་ཀྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་བའི་བར་འགྱུར་ལྡོག་བྱུང་ནས་སྲོལ་རྒྱུན་གྱི་སྣ་ཁར་ཐོན་འབབ་མཐོ་པོ་དང་སྐྱེ་འཚར་ཡག་པོ་སྡེབ་ལ་ཡོང་ཐབས་བྲལ་བའི་འཇུར་མིག་རྒྱུན་མཐུད་བསལ་ཡོད། སྤུས་ལེགས་ཀྱི་སོན་གསར་པ་ཁག་གཅིག་ཚོད་ལྟ་ཁང་ནས་ཞིབ་བཟོ་ཚར་ཏེ་ཞིང་ཁར་འདེབས་སྐབས་ལྗང་མདོག་དང་ནུས་ཆེའི་འདེབས་གསོའི་ལག་རྩལ་ཆ་ཚང་གསར་གཏོད་འདུས་གྲུབ་བྱས་པས། ཐོན་སྐྱེད་ཀྱི་འཐབ་ས་དང་པོར་ལྗང་པ་འགྱེལ་བ་དང་། མྱུ་གུ་ཡག་པོ་མ་འབུས་པ། སྙེ་དམར་བཙའ་ནད་སོགས་ནད་དང་གནོད་འབུའི་གནོད་འཚེ་འཕྲད་སྐབས་དངངས་སྐྲག་བྱེད་དགོས་ཀྱི་མེད། དེ་དང་ཆབས་ཅིག་ཐུག་པ་དང་། མོག་མོག བག་ལེབ་སོགས་ལ་གྲོ་ཞིབ་ཀྱི་སྤུས་ཀ་ཡག་ཉེས་གསལ་པོ་དགོས་པའི་དགོས་མཁོ་ལེགས་པར་བསྐངས་ཐུབ་ནས་ཞིམ་ཟས་ཐད་ཀྱི་མི་རྣམས་ཀྱི་བསམ་བཀོད་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
བགྲང་བྱ་དུ་མའི་རིང་། ང་ཚོས་ལོ་ལེགས་ཡོང་བར་རེ་སྒུག་བྱེད་པར་འགྱུར་བ་གཏན་ནས་ཕྱིན་མེད་ཅིང་། ད་ལོའི་དབྱར་བསྡུའི་སྐབས་གྲོའི་མུའུ་རེའི་ཐོན་འབབ་སྤྱི་རྒྱ་402.6ཟིན་ནས་0.9%འཕར་ཡོད། དེ་ནི་ལོ་གོང་མར་རྨ་ཆུ་དང་ཧོའེ་ཧོ་སོགས་སུ་ཆར་པ་སིམ་སིམ་རྒྱུན་ཆད་མེད་པར་བབས་པ་དང་དགུན་གྲོ་ཁྱབ་ཁོངས་ཆེན་པོས་ཕྱི་འདེབས་བྱས་པའི་གནས་ཚུལ་འོག་བྱུང་བ་ཞིག་རེད། གྲོ་སྙེའི་དྲི་ཞིམ་གྱི་ནང་དུ་སོ་ནམ་རིག་གནས་རྒྱུན་མཐུད་བྱས་པ་དེ་འདུས་ཡོད་ལ། དེང་རབས་ཚན་རྩལ་གྱི་རམ་འདེགས་འོག་ལོ་ལེགས་ཡོང་བའི་གདེང་ཚོད་ཟབ་མོ་དེ་བས་ཀྱང་འདུས་ཡོད།
འབྲེལ་ཡོད་གསར་འགྱུར།