བྱང་ཐང་རྩྭ་ཐང་སྟེང་གི་འདུམ་འགྲིག་པ་བཟང་པོ།
——སོག་རྫོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རོང་པོ་གྲོང་རྡལ་གྱི “ཨ་ཉེ་དགའ་དགའ”འདུམ་འགྲིག་ཁང་གི་ཀྲུའུ་རེན་བློ་ཡོན་གྱི་སྐོར་བཀོད་པ།
སོག་རྫོང་རོང་པོ་གྲོང་རྡལ་གྱི་འབྲོག་དུད་ལ་རྩྭ་རའི་དབྱེ་མཚམས་གསལ་པོ་མི་བྱུང་བ་དང་གྲོང་པ་ཁྱིམ་མཚེས་དབར་ཁ་རྩོད་ཐུག་རེས་བྱུང་ཚེ་ཚང་མས་ལམ་སེང་བློ་ཡོན་སྐད་གཏོང་བར་འགྲོ་གི་ཡོད།
བློ་ཡོན་ནི་སོག་རྫོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རོང་པོ་གྲོང་རྡལ་གྱི“ཨ་ཉེ་དགའ་དགའ”འདུམ་འགྲིག་ཁང་གི་ཀྲུའུ་རེན་རེད། འདུམ་འགྲིག་ཁང་གི་སྒྲོག་རྩེའི་སྟེང་འདུམ་འགྲིག་གི་རྩིས་ཐོ་མང་པོ་བཞག་ཡོད་པ་དང་གྱང་ལྡེབས་ལ་གོས་དར་མང་པོ་བཀལ་ཡོད་པ་དེ་ཐོག་ནས་བར་འདུམ་བས་རྩོད་གཞི་ཐག་གཅོད་ཡག་པོ་བྱས་པར་དམངས་སེམས་མགུ་བ་མཚོན་གྱི་ཡོད།
ད་ལོར་བློ་ཡོན་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པར་བདམས་ཡོད། ཏང་ནང་ཞུགས་ནས་ལོ་སུམ་ཅུ་ལྷག་ཙམ་སོང་བའི་ཏང་ཡོན་རྒན་གྲས་བློ་ཡོན་གྱིས་2013ལོར་གྲོང་ཚོའི་ལས་བྱེད་པ་ནས་གྲོང་རྡལ་གྱི་ལས་བྱེད་པར་བསྒྱུར་བ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་གཞི་རིམ་དུ་གཞི་ཚུགས་ཏེ་འགལ་བ་ཐོན་སའི་གཡུལ་ས་མདུན་མར་བསྐྱོད་ཡོད།
2019ལོར། མང་ཚོགས་འབྲོག་དུད་གཉིས་དབར་གཉེན་སྒྲིག་ཁ་གསབ་གནད་དོན་གྱིས་རྐྱེན་པས་ལོ་8མ་འཆམ་པ་བྱུང་ཡོད། གྲོས་མཐུན་ལྟར་ན་སྐྱེས་པའི་ཕྱོགས་ཀྱིས་བུད་མེད་ཕྱོགས་ལ་སྒོར་6700སྤྲོད་དགོས་ཀྱང་ད་བར་དངུལ་སྤྲད་མེད་པ་རེད། བློ་ཡོན་གྱིས་འབྲོག་དུས་དེར་ཐེངས་མང་བསྐྱོད་ནས་ཁ་ཏ་བསླབ་བྱ་བྱས་པ་མ་ཟད། བཅའ་ཁྲིམས་ཁྲིམས་སྲོལ་དང་ཡང་ཟུང་འབྲེལ་བྱས་ནས་ངང་རྒྱུད་རིང་པོས་ཕན་གནོད་དབྱེ་ཞིབ་བྱས་མཐར་སྐྱེས་པ་དེས་གཞི་ནས་ཁ་གསབ་དངུལ་བུད་མེད་དེར་སྤྲད་ནས་ལོ་མང་རིང་གི་འཁོན་འགྲས་བསལ་བ་རེད།
གྱོད་དཔེ་འདི་འདྲ་བློ་ཡོན་གྱིས་འདུམ་འགྲིག་ཟིན་ཐོར་བཀོད་པ་མང་པོ་མཐོང་རྒྱུ་ཡོད།
ཁོང་ཕྱོགས་གཅིག་ནས་རྩོད་གཞི་ཐག་གཅོད་བྱེད་མཁས་པོ་ཡོད་ལ་ཕྱོགས་གཞན་ནས་ཉེན་ཁ་སྔོན་ནས་སེལ་རྒྱུར་ཡང་མཁས་པོ་ཡོད། 2023ལོར། རྒྱུན་གཏན་གྱི་བཅར་འདྲི་བྱེད་རིང་ཁོང་གིས་རྩྭ་རའི་ས་རྩོད་ཀྱི་རྩོད་གཞི་ཐོན་ལ་ཉེ་བ་ཤེས་ནས་གཟའ་འཁོར་གཅིག་བསྟུད་མར་ས་ཡུལ་དངོས་ལ་རྩད་ཞིབ་དང་ཏང་ཡོན་རྒན་གྲས་སར་ཞིབ་བསྡུར་བྱས་མཐར་རྩྭ་རའི་རྩོད་གཞི་ཐོན་མ་ཐག་བསལ་ཐུབ་ཡོད། མིག་སྔའི་བར། གྲོང་རྡལ་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་བཅར་འདྲི་གྲལ་བཤེར་ལམ་སྲོལ་ལ་བརྟེན་ནས་བློ་ཡོན་གྱིས་རིམ་རྩིས་བརྒྱབ་ན་གཤམ་སྐྱོད་ཀྱིས་མངོན་མེད་རྐྱེན་ངན་གྲལ་བཤེར་ཐེངས་102བྱས་ནས་མངོན་མེད་འགལ་ཟླ་རང་འགུལ་ངང་བསལ་ཡོད།
“འགལ་ཟླ་གོང་ལ་མི་ཞུ་བ་དང་། དུས་བདེ་ལྷིང་འཇགས་ཡོང་བར་བྱེད་པ། ཞབས་འདེགས་ཧུར་ཐག་ཞུ་བ”བཅས་ནི་བློ་ཡོན་གྱིས་མཐའ་འཁྱོངས་བྱེད་པའི་ལས་ཀའི་ཚད་གཞི་ཞིག་རེད། ལོ་མང་རིང་། ཁོང་གིས་འདུམ་འགྲིག་ཚོགས་པའི་སྣེ་ཁྲིད་དེ་འབྲོག་ཁུལ་དུ་གཞི་ཚུགས་ནས་ཆེད་མངགས་རྩྭ་རའི་ས་རྩོད་དང་། གཉེན་སྒྲིག་ཁྱིམ་ཚང་། དངུལ་ཆད་འགྱངས་སོགས་ཀྱི་རྩོད་གཞི་འདུམ་འགྲིག་བྱས་པར་རིམ་རྩིས་བརྒྱབ་ན་འགལ་ཟླ་42བསལ་བ་དང་འདུམ་འགྲིག་ཐུབ་ཚད་བརྒྱ་ཆ་བརྒྱ་ཟིན་ཡོད།
གལ་སྲིད་འདུམ་འགྲིག་ཡག་པོ་བྱེད་པ་ནི་གཞི་རིམ་གྱི་ཏང་དོན་ལས་བྱེད་པ་བློ་ཡོན་གྱི་འཇོན་ཐང་ཞིག་ཡིན་ན། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བློ་ཡོན་གྱིས་དམངས་འཚོ་ཐག་གཅོད་བྱེད་པའི་མིག་རྒྱང་རིང་པོ་ཞིག་དེ་བས་རེད་ཅེས་བརྗོད་ཆོག
བློ་ཡོན་གྱིས་སྒེར་སེམས་གཏན་ནས་བཅངས་ཀྱི་མེད། རྫོང་ཁྲིམས་འཛིན་ཅུས་ཀྱི་མཛུབ་ཁྲིད་འོག་ཁོང་གིས་བོད་རྒྱ་སྐད་གཉིས་ཀྱི་འདུམ་འགྲིག་ཚོགས་པ་བཙུགས་ནས་ན་གཞོན་ལས་བྱེད་པའི་སྣེ་ཁྲིད་དེ་བཅའ་ཁྲིམས་ཀྱི་དོན་ཚན་སློབ་སྦྱོང་བྱས་པ་མ་ཟད། འདུམ་འགྲིག་གི་ཉམས་མྱོང་སྦ་གསང་མེད་པར་མཉམ་སྤྱོད་བྱས་ཏེ་ལས་ཀ་སྒྲུབ་སྟངས་མང་ཚོགས་ཀྱི་སེམས་ནང་ཟུག་པར་བྱེད་ཀྱི་ཡོད། 2022ལོར། གྲོང་རྡལ་འཕྲོད་བསྟེན་ཁང་དུ་སྨན་རྫས་དཀོན་པ་དང་སྒྲིག་ཆས་གོག་ཏོ་ཆགས་པའི་གནད་དོན་ལ་དམིགས་ནས། ཁོང་གིས་བརྟག་ཞིབ་ཡང་ཡང་བྱས་པ་དང་གྲོས་འགོ་ཧུར་ཐག་བཏོན་པས་སྨན་བཅོས་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ཡོད།
ད་ཆ་ལོ་57ལ་སླེབས་པའི་བློ་ཡོན་གྱིས་སྔར་བཞིན་བྱང་རྩྭ་ཐང་གི་གྲོང་ཚོ་ཁག་གི་རྩྭ་རར་བསྐྱོད་དེ་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལག་ལེན་མུ་མཐུད་བསྟར་བ་དང་། རྩོད་གཞི་སེམས་ནུས་ཡོད་རྒུས་འདུམ་འགྲིག་བྱེད་པ། བརྩེ་བ་ཆེན་པོས་དམངས་འཚོའི་བྱ་བ་དངོས་རེ་རེ་བཞིན་ཡག་པོ་སྒྲུབ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།