ཡངས་པའི་འབྲོག་ར་ནས་གྲགས་པའི་དངོས་སྒྲུབ་ཀྱི་གཏམ་རྒྱུད་སྙན་མོ།
——གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་དང་གཞིས་རྩེ་གྲོང་ཁྱེར་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀའོ་ཙེ་ཡི་སྐོར་བཀོད་པ།
ནོར་ལུག་ཤ་ཤེད་རྒྱས་ཤིང་རི་ཀླུང་སྔོ་ལྗང་གིས་བརྒྱན། གཞིས་རྩེའི་སྣ་མང་ཕུན་སུམ་ཚོགས་པའི་ས་ཁམས་ཁོར་ཡུག་གིས་ས་གཞི་འདིར་ཞིང་འབྲོག་ལས་དབྱར་མཚོ་རྒྱས་པ་ལྟར་དར་བར་བྱས། ཡངས་ཤིང་རྒྱ་ཆེ་བའི་འབྲོག་ར་དང་། གྲོང་གསེབ་ཀྱི་གསོ་ཚགས་རྟེན་གཞི། ཞིང་ནང་དང་མུ་ཁ་བཅས་སུ་ཀའོ་ཙེ་ཡི་བྲེལ་བརྩོན་ཆེ་བའི་རྐང་རྗེས་བཞག་མྱོང་ཡོད། གཞིས་རྩེ་གྲོང་ཁྱེར་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་མཐོ་རིམ་ཕྱུགས་རིགས་དགེ་རྒན་ཆེ་མོ་བ་ཡིན་པའི་ཁོང་གིས་ས་མཐོའི“ཞིང་གསུམ”བྱ་གཞག་ལ་ལྷག་བསམ་ཟོལ་མེད་ངང་དགའ་ཞེན་བཅངས་ནས་ཞིང་འབྲོག་བྱ་གཞག་ལ་གཞི་ཚུགས་ནས་ཡུན་རིང་གཞོལ་བཞིན་ཡོད། གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པའི་ཁོང་གིས་ཆེད་ལས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། གཞི་རིམ་དུ་བརྟག་ཞིབ་མཐིལ་རྟོགས་གཏིང་ཟབ། ཐབས་འདོན་ཇུས་འབུལ་ཧུར་ཐག་བཅས་བྱས་ནས་གཞིས་རྩེའི་འབྲོག་ལས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་འདེགས་སྐྱོར་བྱས་ཡོད།
“ང་ནི་གྲོང་གསེབ་ནས་ཡོང་བ་ཞིག་ཡིན་པས་ཞིང་འབྲོག་པས་གནམ་གཤིས་ལ་བརྟེན་ནས་ཕྱུགས་རིགས་གསོ་བ་དང་ཕྱུགས་རིགས་ལ་བརྟེན་ནས་འབབ་འཕར་ཡོང་བར་བྱེད་པ་དེ་ནི་ལས་སླ་པོ་གཏན་ནས་མེད་པ་གསལ་པོ་ཤེས་ཀྱི་འདུག ས་གཞི་དེ་དང་ཡུལ་མི་ཚོར་སེམས་ཀྱི་གཏིང་ནས་བྱ་བ་དངོས་མང་ཙམ་སྒྲུབ་འདོད་འདུག”ཅེས་ལོ་མང་རིང་གཞི་རིམ་བརྟན་སྲུང་བྱས་པའི་སྐོར་གླེང་སྐབས་ཀའོ་ཙེ་ཡིས་བབ་ཆགས་ཟོལ་མེད་ཀྱི་སྐད་ཆ་དེ་བཤད། ལས་ཀར་ཞུགས་རྗེས། ཁོང་གིས་ས་མཐོར་རྩ་བ་ཚུགས་ནས“ཞིང་གསུམ”ལས་དོན་གྱི་འཐབ་ས་མདུན་མ་དེ་བརྟན་སྲུང་བྱས་ཡོད།
གཞིས་རྩེའི་འབྲོག་ལས་ནི་ས་གནས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་དང་དམངས་འཚོའི་གཞི་གདན་བརྟན་དུ་གཏོང་བའི་སྲོག་ཤིང་གི་ཀ་རྟེན་ཐོན་ལས་ཤིག་ཡིན་པས་ས་ཁོངས་ཡོངས་ཀྱི་སྲོག་ཆགས་རིམས་འགོག་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་རྒྱུ་དེ་འབྲོག་ལས་ཐོན་ལས་ཀྱི་བདེ་འཇགས་སྲུང་སྐྱོང་དང་ཞིང་འབྲོག་པའི་འབབ་འཕར་བརྟན་པོ་འགན་ལེན་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེར་གྱུར་ཡོད།
“རིམས་འགོག་གི་མཐའ་ཚད་སྲུང་བ་ནི་ཞིང་འབྲོག་པ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་དང་འབྲོག་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྲུང་བ་དེ་རེད”ཅེས་པ་དེ་ནི་ཀའོ་ཙེ་ཡིས་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་ནན་པོ་བྱེད་པའི་ལས་ཀའི་ཚད་གཞི་ཞིག་རེད། སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཁོང་གིས་ལོ་མང་རིང་གསོ་ཚགས་ཁུལ་དུ་མང་ཚོགས་ཀྱི་ལག་ཡོད་ཕྱུགས་རིགས་དང་ཁྱིམ་བྱ་ཡི་གྲངས་འབོར་ལ་རྟོག་ཞིབ་དང་། རིམས་འགོག་གི་རྩིས་ཐོར་ཞིབ་བཤེར་ཞིབ་ཚགས་བྱེད་པ། ས་གནས་ས་ཐོག་ཏུ་རིམས་འགོག་གི་སྐྱོན་ཆ་གྲལ་བཤེར་བྱེད་པ་བཅས་བྱས་ཏེ་གཞི་རིམ་གྱི་རིམས་འགོག་ལས་དོན་གྱི་འགག་གནད་དང་དཀའ་གནད་རེ་རེ་བཞིན་ཟིན་ཐོར་བཀོད་དེ་ཞིབ་ཕྲ་དང་གནད་ལ་འཁེལ་བའི་བརྟག་ཞིབ་ཀྱི་ཐོག་མའི་དཔྱད་གཞི་འབོར་ཆེན་གསོག་འཇོག་བྱས་ཡོད།
2025ལོར། ལས་རིགས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ཁོང་གིས《གཞིས་རྩེ་གྲོང་ཁྱེར་གྱི་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འབྲོག་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》ཕུལ་བ་རེད། མཐར་ཁྱོན་མ་དངུལ་སྒོར་ཁྲི་1000བཏང་བའི་གཞིས་རྩེའི་གྲོང་ཁྱེར་རིམ་པའི་རིམས་ནད་ཚོད་འཛིན་ལྟེ་གནས་ཚོད་ལྟ་ཁང་དང་མཐའ་མཚམས་རྫོང་དགུའི་རིམས་འགོག་ཚོད་ལྟ་ཁང་གི་འཛུགས་སྐྲུན་རྣམ་གྲངས་གཞིས་རྩེ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཕེལ་རྒྱས་འཆར་འགོད་ནང་གྲུབ་འབྲས་ཐོབ་པའི་ངང་བཅུག་པ་རེད། རྣམ་གྲངས་དེ་དོན་འཁྱོལ་བྱས་རྗེས་མཐའ་མཚམས་རྫོང་ཁོངས་ཀྱི་སྲོག་ཆགས་རིམས་ནད་ཞིབ་དཔྱད་ཚད་ལེན་གྱི་ཞན་ཆ་རྦད་དེ་བསལ་ནས་གྲོང་ཁྱེར་དང་རྫོང་མཉམ་འགུལ་དང་། ས་ཁོངས་ཡོངས་ལ་ཁྱབ་པ། དང་ལེན་མགྱོགས་མྱུར་ཐུབ་པ་བཅས་ཀྱི་ཚད་ལྡན་ཅན་གྱི་རིམས་འགོག་ཞིབ་དཔྱད་ཚད་ལེན་མ་ལག་བཙུགས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་འབྲོག་ལས་ཐོན་ལས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་ཞིག་བསྐྲུན་རྒྱུ་རེད།
ཐོན་ལས་འཕེལ་རྒྱས་ཀྱི་འཇུར་མིག་སེལ་བ་དང་འབྲོག་ལས་ཀྱི་སྤུས་འབྲས་ལེགས་གཉེར་གྱི་འགག་གནད་མེད་པ་བཟོ་ཆེད། ཀའོ་ཙེ་ཡིས་གསོ་ཚགས་ཀྱི་འཐབ་ས་དང་པོར་ཚན་རིག་དང་མཐུན་པའི་གསོ་ཚགས་ལ་མཛུབ་ཁྲིད་བྱས་པ་མ་ཟད། ད་དུང་གྲོང་ཁྱེར་ནང་ཁུལ་གྱི་རང་ཡུལ་གྱི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས་སུ་ཐེངས་མང་བསྐྱོད་ནས་གསོ་ཚགས་དང་། ལས་སྣོན། ཕྱིར་ཚོང་བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཉམས་ཞན་ལྷུ་ཚིགས་གསེད་བཀྲོལ་བྱས་པ་རེད། “ས་གནས་དེ་གའི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས་ཀྱི་བཟོ་གྲྭ་བཙུགས་ནས་དུས་ཡུན་རིང་པོ་སོང་བ་དང་། ཐོན་སྐྱེད་སྒྲིག་ཆས་ཡུན་རིང་གསར་བརྗེ་མ་ཐུབ་པ། ཐོན་སྐྱེད་སྒྲུབ་རིམ་རྙིང་ལ་རྗེས་ལུས་ཡིན་པ་བཅས་ཀྱི་ཞན་ཆ་ལས་ཁེ་ལས་རང་ངོས་འཕེལ་རྒྱས་སྟོབས་ཆེར་འགྲོ་རྒྱུར་ཚོད་འཛིན་ཕོག་པ་མ་ཟད། གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་ཐོན་ལས་སྤྱི་ཡོངས་སུ་སྤུས་འབྲས་ལེགས་གཉེར་ཡོང་བར་ཚོད་འཛིན་བཟོ་བའི་འགག་རྩའི་གནད་དོན་དུ་དེ་བས་གྱུར་ཡོད”ཅེས་ཀའོ་ཙེ་ཡིས་བཤད།
འབྲེལ་ཡོད་གསར་འགྱུར།