སྣུམ་ནག་གཞུང་ལམ་ཡུལ་མིའི་སྒོ་རྩར་བཏིང་། ཐོན་སྐྱེད་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན།
—— ལྷོ་ཁ་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་བཏང་བའི་སྐོར་བཀོད་པ།

འདི་ནི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གླིང་མདའ་ཤང་ཀུན་ཁམས་གྲོང་ཚོའི་ཁང་ཁྱིམ་དང་ཞིང་ཁའི་དབར་ཤར་གཏོང་ཐུབ་པའི་གྲོང་གསེབ་གཞུང་ལམ་ཡིན་པ།

འདི་ནི་ཕུ་མ་གཡུ་མཚོའི་ངོགས་ཀྱི་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྟག་ལུང་གྲོང་རྡལ་འཐུས་གྲོང་ཚོའི་དུད་ཚང་ཀུན་གྱི་སྒོ་རྩར་གཞུང་ལམ་ཡོད་པའི་རྣམ་པ་ཡིན་པ།

འདི་ནི་རླངས་འཁོར་མྱུར་བགྲོད་ཐུབ་པའི་S5ལམ་ཐིག་གི་ལྷ་ས་ནས་རྩེད་ཐང་བར་གྱི་གཞུང་ལམ་ཡིན་པ།

འདི་ནི་སྐྲུན་མུས་ཀྱི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་ཟ་ར་ལམ་གྱི་གཙང་པོ་སྒྲོལ་བའི་ཟམ་ཆེན་ཡིན་པ།
2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་པའི་ལོ་ཡིན་ལ། ལྷོ་ཁ་ས་ཁུལ་ནས་གྲོང་ཁྱེར་དུ་བསྒྱུར་ནས་ལོ་ངོ་བཅུ་འཁོར་བའི་ལོ་ཡང་ཡིན། ཡར་ཀླུང་ས་གཞི་ཆེ་མོར་སྣུམ་ནག་གཞུང་ལམ་མང་པོ་དང་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་མང་པོ་མཐོང་རྒྱུ་ཡོད་པ་མ་ཟད། ཡར་ཀླུང་གཙང་པོར་ཟམ་པ་ཡང་མང་པོ་བརྒྱབ་ནས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཏེ། ས་མཐོའི་གྲོང་གསར་འདིར་འཕེལ་རྒྱས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་སྣོན་བཞིན་ཡོད།
ད་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས“འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། བདག་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ”བཅས“ཡག་པོ་བཞིའི”བསམ་གཞི་ལྟར་གཞུང་ལམ་འཛུགས་སྐྲུན་དང་། ལྗང་མདོག་ཕྱོགས་སྒྱུར། བདག་སྐྱོང་དོ་དམ། སྐྱེལ་འདྲེན་ཞབས་ཞུ། བདེ་འཇགས་ཐོན་སྐྱེད་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཐབས་མང་མཉམ་སྤྱོད་དང་སྤྱི་འདོམས་སྐུལ་འདེད་བཏང་བས། གྲོང་ཁྱེར་དེ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་བརྟན་ལ་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།
ལམ་དྲ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་བརྟན་པོ་བཙུགས་པ།
གཞུང་ལམ་ཤར་གཏོང་ཐུབ་ན་ལས་རིགས་སྣ་མང་དར་རྒྱས་འགྲོ་ཐུབ། ལྷོ་ཁ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་2026ལོ་འཁོར་གྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག ཅུས་དེའི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པ་ཧྲེན་ཤིན་ཅུན་གྱིས། ལས་འགོ་ཚུགས་མ་ཐག་ཐག་གཅོད་དམག་འཐབ་རྒྱག་པ་དང་གོམ་པ་དང་པོ་སྤོས་མ་ཐག་མཐའ་མའི་གདོང་མཆོང་བྱེད་པའི་རྣམ་འགྱུར་ཐོག་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ལས་འགན་ཨང་དང་པོར་བརྩིས་ཏེ། 2026ལོའི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་འགོ་གསར་འཛུགས་དང་བསྐྱར་འཛུགས་ཀྱི་ཚ་རླབས་ཕྱོགས་ཡོངས་ནས་འཕྱུར་བར་བྱེད་དགོས་ཞེས་བཤད་པ་རེད།
འགྲིམ་འགྲུལ་ལས་གྲྭ་གལ་ཆེན་གྱི་གཏམ་བཟང་ཡང་ཡང་གྲགས་ཤིང་། ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་པའི་ཁྲེང་ཐུང་ཀུང་སིས་སྐྲུན་འགན་འཁུར་བའི་སྣེ་གདོང་ཆུས་ཟ་ར་ལམ་གྱི་གཙང་པོ་སྒྲོལ་བའི་ཟམ་ཆེན་གྱི་སྒྲོམ་གཞི་རགས་ཙམ་གྲུབ་ནས་ཟམ་ཆེན་གྱི་གཡས་ངོས་སྦྲེལ་གྲབས་ཡོད་པ་རེད། ལམ་ཐིག་དེའི་སྤྱིའི་རིང་ཚད་ལ་སྨི་456ཡོད་པར་ཕྱོགས་གཉིས་དང་འཁོར་ལམ་བཞིའི་ཚད་གཞི་ལྟར་ཇུས་འགོད་བྱས་ཡོད་པ་དང་། སྐྲུན་ཟིན་རྗེས་ཡར་ཀླུང་གཙང་པོའི་ལྷོ་བྱང་ངོགས་གཉིས་སྦྲེལ་མཐུད་བྱེད་པའི་ལྟེ་བའི་འགྲིམ་འགྲུལ་ལྟེ་གནས་སུ་གྱུར་ནས། ངོགས་གཉིས་ཀྱི་འགྲུལ་བཞུད་དུས་ཡུན་ཐུང་དུ་གང་འཚམ་ཕྱིན་ཏེ་མང་ཚོགས་རྒྱུན་གཏན་གྱི་འགྲུལ་བཞུད་ལ་སྟབས་བདེ་བསྐྲུན་རྒྱུ་རེད།
གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་མགྱོགས་པོ་བྱས་པ། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་གསར་པ(མཐུད་སྐྲུན)10ལག་བསྟར་གནད་སྨིན་བྱས་ཤིང་། གསར་སྐྲུན་བསྐྱར་སྐྲུན་བྱེད་པའི་ལམ་ཚད་སྤྱི་ལེ་280ལྷག་ཟིན་ནས་2024ལོའི་ལོ་མཇུག་དང་བསྡུར་ན་སྤྱི་ལེ་131.667འཕར་ཏེ། སྲིད་འཛིན་གྲོང་ཚོ་21ལ་མཁྲེགས་ལམ་མེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་རེད། ད་ལོའི་ཟླ་བདུན་པ་བར། གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་གསེབ་དུ་གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ་7153.523ཟིན་ནས་ཤང་དང་གྲོང་རྡལ་90ཡི་སྲིད་འཛིན་གྲོང་ཚོ་579ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཤར་གཏོང་ཐུབ་ཚད་100%ཟིན་ཡོད་པ་རེད། སྔོན་ཆད་ལྷོ་བྲག་རྫོང་ནས་ལྷོ་ཁ་གྲོང་ཁུལ་དབར་གྱི་རི་ལམ་དུ་ཆུ་ཚོད་8ཙམ་བསྐྱོད་དགོས་པ་དང་། ད་ཆ་སྣུམ་ནག་ལམ་ཤར་གཏོང་ཐུབ་པས་རླངས་འཁོར་བཏང་ན་ཆུ་ཚོད་བཞི་ཙམ་ལས་བསྐྱོད་དགོས་ཀྱི་མེད།
ལྗང་མདོག་ཕྱོགས་སྒྱུར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ནུས་རྒྱུ་གསར་པའི་འགྲིམ་འགྲུལ་དེ་མཛེས་ལྗོངས་གསར་པར་གྱུར།
རྩེད་ཐང་གྲོང་ཁུལ་དུ་ཆིང་ནུས་སྤྱི་སྤྱོད་རླངས་འཁོར་སྔོ་ཁྲ་མང་པོ་ཕར་འགྲོ་ཚུར་འོང་བྱས་ནས་ལྷོ་ཁ་གྲོང་ཁུལ་གྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། མིག་སྔའི་བར། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་100%ཚང་མ་ནུས་རྒྱུ་གསར་པའི་རླངས་འཁོར་ཡིན། ཆིང་ནུས་སྤྱི་སྤྱོད་རླངས་འཁོར་20དངོས་སུ་སྤྱོད་འགོ་ཚུགས་ནས་ལྗོངས་ཡོངས་སུ་ཆིང་ནུས་ཀྱི་སྤྱི་སྤྱོད་རླངས་འཁོར་གཞི་ཁྱོན་ཅན་གྱི་བེད་སྤྱོད་བྱེད་ཡུལ་ཐོག་མར་གྱུར་ཡོད།
ད་ལོའི་ཟླ་བདུན་པ་བར། གྲོང་ཁྱེར་ནང་ཁུལ་གྱི་སྐོར་སྐྱོད་བདལ་གཏོང་རླངས་འཁོར་ཁེ་ལས་2ཀྱིས་རིམ་རྩིས་བྱས་ན་ས་མཐོའི་གནམ་གཤིས་དང་འཚམ་པའི་ནུས་རྒྱུ་གསར་པའི་བདལ་གཏོང་རླངས་འཁོར་62སྤྱོད་འགོ་ཚུགས་ཡོད། བདལ་གཏོང་རླངས་འཁོར་དེ་དག་ལ་རིམ་སྤོར་བྱས་རྗེས་ཀྱི་GPSལྟ་སྐུལ་ཚོད་འཛིན་དང་མཐེབ་མནོན་གཅིག་གིས་ཉེན་བརྡ་གཏོང་བའི་སྒྲིག་ཆས་བསྒར་ཡོད། དེས་མ་ཟད་ད་དུང་ས་མཐོའི་རླུང་གནོན་དམའ་བ་དང་དྲོད་ཚད་ཧེ་བག་ཆེ་བའི་འགྲོ་ལམ་གྱི་ཁྱད་ཆོས་ལ་དམིགས་ནས་ལྟེ་བའི་སྒྲིག་བཀོད་ལེགས་སུ་བཏང་ཡོད་པས། སྲོལ་རྒྱུན་གྱི་སྣུམ་སྤྱོད་རླངས་འཁོར་དང་བསྡུར་ན་ནུས་རྒྱུ་ཟད་གྲོན་གྱི་མ་གནས་གསུམ་ཆ་གཅིག་ཙམ་ཆག་ཡོད་པ་རེད།
རྨང་གཞིའི་སྒྲིག་བཀོད་ལེ་ལག་ཚང་སྒྲིག་ཐད། ལྷོ་ཁ་གྲོང་ཁྱེར་ཡོངས་སུ་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་སྡོང་130བཙུགས་ནས་འགྲུལ་སྐྱེལ་སྤྱི་ཁྱབ་ས་ཚིགས་སོགས་གཙོ་གནད་ས་ཁོངས་ཡོངས་ལ་གློག་གསོག་ཞབས་ཞུ་ཁྱབ་ཡོད་པ་རེད། ལྷོ་ཁ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་སྤྱི་འདོམས་འཆར་འགོད་དང་གནད་སྨིན་ཇུས་འདོན་བྱས་ཏེ་བརྒྱུད་རིམ་ཆ་ཚང་བ་དང་ལས་ཕྱོད་ཆེ་བའི་ལས་དོན་སྐུལ་སྤེལ་མ་ལག་ཅིག་བསྐྲུན་པས། 2025ལོ་ཁོ་ནར་རྒྱལ་ཁབ་ཀྱི་དུས་མཚམས་དྲུག་པའི་བཙོག་འབུད་ཚད་གཞིའི་ཟོག་འདྲེན་རླངས་འཁོར་གསར་དུ་ཉོ་སྒྲུབ་བྱས་ཚད་སྒོར་ཁྲི་3506ལས་བརྒལ་ཡོད་པ་རེད། ཆིང་ནུས་སྤྱི་སྤྱོད་རླངས་འཁོར་20ཡིས་ལོ་རེར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་1000ལྷག་ཉུང་དུ་གཏོང་ཐུབ་པས། ལྷོ་ཁ་གྲོང་ཁྱེར་ཡོངས་ཀྱི་སྤྱི་པའི་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་ལོ་རེའི་བཙོག་འབུད་ཏུན་སྟོང་ཕྲག་ཁ་ཤས་ཉུང་དུ་ཕྱིན་ཡོད་པ་རེད།
ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་སྟོབས་ཤུགས་གཅིག་སྒྲིལ་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བདེ་འཇགས་ལམ་ཐིག་བརྟན་པོར་སྲུང་པ།
2026ལོ་ནི་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཡིན་ཞིང་། ལྷོ་ཁ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག་ཧུའུ་ནན་བོད་སྐྱོར་སྨན་བཅོས་ཚོགས་པ་གདན་དྲངས་ནས“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ནས་བདེ་ཐང་སྲུང་སྐྱོང་བྱེད། འགྲིམ་འགྲུལ་སྔོན་དུ་བསྐྱོད་དེ་ས་མཐོར་དྲོ་སྐྱིད་སྦྱིན”ཞེས་པའི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་སྤེལ་ཏེ། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་བདལ་གཏོང་རླངས་འཁོར་གྱི་ལས་གཉེར་བ་སོགས་འཐབ་ས་དང་པོའི་ལས་མི་ཚོར་བདེ་ཐང་ཚན་རིག་ཁྱབ་གདལ་དང་། མྱུར་སྐྱོབ་དངོས་སྦྱོང་། འོས་འགན་སྨན་བཅོས་ཞབས་ཞུ་བཅས་བྱས་པ་རེད།
བདེ་འཇགས་ཐོན་སྐྱེད་ནི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྲོག་རྩ་ལྟ་བུ་ཡིན། ད་ལོའི་ཟླ་དྲུག་པར་ལྷོ་ཁ་གྲོང་ཁྱེར་གྱིས་འགྲོ་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཕྱོགས་བསྡུས་འཕྲལ་སྡོམ་ནང་སྦྱོང་བྱས་ཏེ། གློག་སྒུལ་རྐྱང་པའི་སྤྱི་སྤྱོད་རླངས་འཁོར་གྱི་གློག་གསོག་གློག་ཤོར་དང་རླངས་འཁོར་ལ་མེ་འབར་བ། ཆིང་འབར་རྫས་ཀྱི་སྤྱི་སྤྱོད་རླངས་འཁོར་གདོང་ཐུག་ཤོར་ནས་ཆིང་ནུས་ཤོར་བ་སོགས་ལ་དམིགས་ནས་དངོས་འཐབ་ནང་སྦྱོང་བྱས་པ་རེད། དཔྱིད་གསར་སྐྱེལ་འདྲེན་རིང་། ལྷོ་ཁ་མེ་འཁོར་འབབ་ཚུགས་དང་རླངས་འཁོར་འབབ་ཚུགས་ཏེ་འགྲུལ་སྐྱེལ་ལྟེ་གནས་ཆེ་གྲས་གཉིས་དང་སྡེ་ཚན་མང་པོས་མཉམ་འབྲེལ་ཐོག་བདེ་འཇགས་འགན་ལེན་བརྟན་པོ་དང་སྙིང་ཉེའི་ཞབས་ཞུའི་འགན་ལེན་ལ་བརྟེན་ནས། ཕ་ཡུལ་དུ་ལོག་མཁན་ཚང་མའི་འགྲུལ་བཞུད་བདེ་འཇགས་ལྡན་ལ་སྐྱིད་སྣང་དོད་པར་བྱས་པ་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ས་གསར་པའི་ཐོག ལྷོ་ཁ་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས“སྟབས་བདེ་ཐོགས་མེད་དང་། གོང་ཁེ་ནུས་ཆེ། ལྗང་མདོག་ལེགས་བསྡུས། བདེ་འཇགས་བློས་འཁེལ”བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་དྲ་རྒྱ་བསྐྲུན་རྒྱུར་དམིགས་ནས་རྒྱུན་མཐུད་ཤུགས་འདོན་བྱེད་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།