དབུ་ཤོག>གསར་འགྱུར།
  • ཐང་རྒོད་སྐྱ་མོ་སྔོ་ལྗང་གོས་ཀྱིས་བརྒྱན།

    ​—— རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་ཁུངས་ཏང་ཀྲི་པུའུ་ཡི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-16

    ས་བབ་སྨི་3650ཟིན་པའི་ས་མཐོར་ཤིང་འཛུགས་པ་ནི་རྒྱུན་འཁྱོངས་དང་རྔུལ་ཆུར་བརྟེན་པའི་མི་སེམས་འགུལ་བའི་རྣམ་པ་ཞིག་སྟེ། ཞིང་འབྲོག་པ་8ཀྱིས་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་རིང་ཚད་སྨི་50ཡོད་པའི་ཆུ་འདྲེན་སྦུ་གུ་ལག་གཉིས་ལ་བརྟེན་ནས་མཐོ་ཚད་སྨི་200ཡོད་པའི་ལ་སྒང་དུ་སྐྱེལ་བ་དང་། རྟ་དྲེལ་གྱིས་རི་ལམ་ཕྲ་མོར་ཤིང་སོན་ཁུར་ནས་འཕྲུལ་འཁོར་སླེབས་མི་ཐུབ་པའི་གྲོག་རོང་དུ་སྐྱེལ་གྱི་ཡོད། ཏང་ཡོན་30ལྷག་ཙམ་གྱིས་གཟའ་འཁོར་རེར་ཉུང་མཐར་ཡང་ནགས་བཟོ་བྱ་ཡུལ་དུ་ཐེངས་གཉིས་བསྐྱོད་དེ་ལྗོན་ཤིང་གི་སྐྱེ་འཚར་ལ་ལྟ་བ་དེ་ནི་ས་མཐོའི་ཤིང་འཛུགས་ལས་དོན་པའི་རྒྱུན་གཏན་གྱི་ལས་ཀ་ཞིག་རེད།

    ཏང་ཡོན་གཅིག་ནི་དར་ཆ་གཅིག་ཡིན།

    ས་བབ་རྙོག་འཛིང་ཆེ་བ་དང་། ས་རྒྱུ་ཞན་པ། རི་མཐོ་གཡང་གཟར་སོགས་རང་བྱུང་ཆ་རྐྱེན་ཞན་པའི་ཐང་རྒོད་དུ་ལྗོན་ཤིང་འཛུགས་པ་ནི་གསར་བརྗེའི་དད་མོས་ལ་བརྟེན་ནས་སྐྱེ་ཁམས་ཀྱི་འགག་སྒྲོལ་བྱ་སྤྱོད་ལ་སྣེ་ཁྲིད་བྱེད་པ་ཞིག་ཡིན་ཞིང་། དེ་ནི་རྩ་འཛུགས་ཀྱིས་མདུན་དུ་སྐྱོད་པ་དང་ཏང་ཡོན་གྱིས་སྣེ་ཁྲིད་ལས་སྒྲུབ་བྱས་ནས། ཏང་དར་དམར་པོ་ས་མཐོའི་ས་གཞི་ཆེན་པོར་མཐོན་པོར་སྒྲེང་པ་ཞིག་ཡིན་པ་དང་། ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་ཁུངས་ཏང་ཀྲི་པུའུ་ཡིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོང་བྱ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས་ས་སྟོང་ཚང་མར་ལྗོན་ཤིང་བཙུགས་ཏེ། དེ་སྔའི་ས་མཐོའི་ཐང་རྒོད་སྐྱ་མོ་སྔོ་ལྗང་གིས་བརྒྱན་པར་བྱེད་བཞིན་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དབྱིན་ཕེ་ཧྥེང་གིས་རྒྱུན་དུ་ཉིན་མོར་རིར་འཛེགས་ནས་ས་གནས་ས་ཐོག་ཏུ་ལྟ་སྐུལ་བྱེད་པ་དང་། དགོང་མོར་སྲིད་ཇུས་སློབ་སྦྱོང་དང་ལས་ཀའི་ཟུར་བཙུགས་རྩིས་ཁྲ་དང་ཉིན་ཐོར་གསེད་བཀྲོལ་བྱེད་བཞིན་ཡོད་པས། ཤིང་འཛུགས་སྐོར་ལ་ཆ་རྒྱུས་གཏན་ནས་མེད་པ་ཞིག་ནས་ས་མཐོའི་ནགས་བཟོ་བདག་སྐྱོང་གི་ཆེད་ལས་ཤིང་འཛུགས་མཁས་པར་གྱུར་ཡོད།

    “ས་མཐོའི་ས་བབ་ཆ་རྐྱེན་ཞན་པ་དང་། ས་རིམ་སྲབ་པ། ས་རྒྱུ་ཞན་པ། སྐམ་ཤས་ཆེ་བ་མ་ཟད། ས་མཐོར་ཤིང་འཛུགས་པར་དཔྱད་གཞིར་འཛིན་བྱེད་ཀྱི་ཉམས་མྱོང་གང་ཡང་མེད” ལས་གྲྭའི་དུས་འགོར་དཀའ་གནད་ཚང་མ་མིག་མདུན་དུ་མངོན་པའི་རི་བོ་ལྟར་ཡིན་པས་ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མི་ལི་པའོ་ཕིང་སེམས་ཁྲལ་གྱིས་ཁེངས།

    ལྗོན་ཤིང་རེ་རེའི་སྟེང་དུ་ཚང་མའི་སེམས་ནུས་འདུས་ཡོད། བཙུགས་པ་ཙམ་གྱིས་འགྲིག་པ་ཞིག་མིན་པར་ད་དུང་སྐྱེ་འཚར་ཡོང་བར་བྱེད་དགོས་ཞེས་པའི་སྐད་ཆ་དེ་ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ལྟེ་གནས་ཤིང་སོན་རྟེན་གཞིའི་ཏང་ཡོན་ལག་རྩལ་ཆེ་མོ་བ་སྐྱིད་དགའ་མོའི་སེམས་སུ་གཏིང་ཟབ་ཟུག་ཡོད།

    ཁོང་གིས་བལྟས་ན་ས་མཐོར་འདེབས་འཛུགས་ལ་འཚམ་པའི་ལྕང་སོན་དཀོན་པ་ནི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་འཕྲད་པའི་དཀའ་གནད་ཆེ་ཤོས་ཤིག་རེད། “ང་ཚོས་ཆུ་ལ་དཔགས་ནས་རབ་རྒྱག་པའི་དཔེ་ལྟར་ལྗོངས་ཕྱི་ནས་ནང་འདྲེན་བྱས་པའི་ལྕང་སོན་ལྷ་སར་དབོར་རྗེས་ཉུང་མཐར་ཡང་ཟླ་བ་དྲུག་ཚོད་འཛུགས་བྱས་ཏེ་ས་མཐོའི་ནམ་ཟླ་དང་ས་རྒྱུ་དང་འཚམ་པར་བྱེད་པ་དང་གསོན་ཚད་མཐོ་པོ་མེད་རིགས་འདེབས་ཀྱི་མེད”ཅེས་སྐྱིད་དགའ་མོས་བཤད་པ་དང་། ཚོད་ལྟ་ཐེངས་མང་བྱས་པ་དང་གདམ་གསེས་ཡང་ཡང་བྱས་པ་བརྒྱུད་རྒྱལ་རྩེའི་གླ་ཚེར་དང་། སྒྲོན་ཤིང་། རི་སྐྱེས་བོད་ཁམ། གླ་ཚེར་སོགས་གངས་ལྗོངས་ས་མཐོར་བཏབ་པ་རེད།

    ཀྲི་པུའུ་གཅིག་ནི་མཁར་རྫོང་ལྟ་བུ་ཡིན།

    འགག་སྒྲོལ་གྱི་དུང་བརྡ་གྲགས་མ་ཐག་ཏང་ཀྲི་པུའུ་ནགས་བཟོའི་འཐབ་ས་དང་པོར་སྐྱོད་མཁན་གྱི་མཁར་རྫོང་བརྟན་པོ་ཞིག་ཏུ་གྱུར་ཡོད། ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་ཁུངས་ཏང་ཀྲི་པུའུ་ཡིས་གོང་རིམ་གྱི་འཆར་འགོད་དང་གནད་སྨིན་སྦྲེལ་མཐུད་བྱས་ཏེ། ས་བབ་ཆ་རྐྱེན་ལ་བརྟག་དཔྱད་དང་སྔོ་འགྱུར་འཕྲོད་མཐུན་རང་བཞིན་ལ་ཚོད་སྐོར་གཏིང་ཟབ་བྱས་པ་དང་། ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་འཆར་འགོད་ཚད་གཞི་མཐོན་པོས་བཟོས་ནས་ལོ་བཅུའི་ནགས་བཟོའི་གཞི་ཁྱོན་དང་། བར་མཐོངས་ཀྱི་བཀོད་པ། ལྕང་སོན་བཀོད་སྒྲིག ལག་བསྟར་བྱ་ཐབས་བཅས་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱས་ཏེ་ལས་ཀའི་འཆར་གཞི་ཡག་པོ་ཞིག་འགོད་ཐུབ་པའི་འགན་ལེན་བྱས་ཡོད། འཐབ་ས་དང་པོར་ལྟ་སྐུལ་མཛུབ་ཁྲིད་དང་། ལག་རྩལ་མཛུབ་ཁྲིད། ཞབས་ཞུ་འགན་སྲུང་བཅས་ཀྱི་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ། བརྒྱུད་རིམ་ཧྲིལ་པོ་དང་འཁོར་འབྲེལ་ཧྲིལ་པོར་ཞིབ་ཚགས་ཅན་གྱི་དོ་དམ་ཐུབ་པར་བྱས་པ་རེད།

    ལམ་ལུགས་རྒྱུན་མཐུད་གསར་གཏོད་དང་ལྷན་སྦྱར་སྲིད་ཇུས་རིམ་པ་བཞིན་དོན་འཁྱོལ་བྱས་ཤིང་། ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་ཁུངས་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་ཁེ་ལས་དང་ཚན་པ་91དང་ལས་མི་ཁྲི་2.8ལྷག་ཙམ་ནགས་བཟོ་བྱ་ཡུལ་425ལ་བསྐྱོད་ཅིང་། སྲིད་གཞུང་གིས་ཁྲིད་སྟོན་བྱེད་པ་དང་། ཁྲོམ་རས་བཀོད་སྒྲིག་བྱེད་པ། དམངས་ཡོངས་ཞུགས་པ་བཅས་ཀྱི་ལྗང་མདོག་གི་རྒྱང་སྐྱོད་ལམ་དུ་སྐྱོད་འགོ་ཚུགས་པ་དང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ལས་མི་ཚང་མས“ལོ་བཅུར་ལྷ་ས་སྔོ་ལྗང་གིས་བརྒྱན་པར་བྱེད་རྒྱུའི”ཁ་ཆད་ཆུད་ཟོས་སུ་མ་བཏང་བར་འབད་འབུངས་མདུན་སྐྱོད་བྱེད་བཞིན་མཆིས།

    ལྗོན་ཤིང་ཚང་མ་ལོ་རྒྱུས་ཀྱི་དཔང་པོ་ཡིན།

    ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་བ་ནི་གཞི་ཁྱོན་ཆེན་པོས་ཤིང་འཛུགས་ནགས་གསོ་བྱེད་པའི་བྱ་སྤྱོད་ཅིག་ཡིན་པ་མ་ཟད། འཛམ་གླིང་ཡང་རྩེར་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་གསོན་ཉམས་ལྡན་པའི་སྒོ་ནས་ལག་ལེན་བསྟར་བ་ཞིག་དང་། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མཐའ་མཚམས་མི་རིགས་ས་ཁུལ་དུ་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པའི་དཔེ་གཞི་གསོན་པོ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་པའི་འགག་རྩའི་བྱེད་ཐབས་ཤིག་དེ་བས་ཀྱང་ཡིན།

    2021ལོ་ནས་ད་བར། ལྷ་སས་རིམ་རྩིས་བརྒྱབ་ན་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་91.98བྱས་ནས་ལྕང་སོན་རྐང་དུང་ཕྱུར་གཅིག་ལྷག་ཙམ་ས་མཐོར་རྩ་བ་ཚུགས་ཐུབ་པ་བྱས་ཡོད། ལས་གྲྭ་དེས་རི་ཚོགས་ལ་སྔོ་ལྗང་གོས་གསར་བཀླུབས་ཡོད་པ་མ་ཟད། དམངས་ཡོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད་པ་རེད། མི་ཐེངས་ཁྲི་950ལྷག་ཙམ་ལས་གྲྭ་འདིར་ཞུགས་པས་སྐྱེ་ཁམས་དང་འབབ་འཕར“གཉིས་ཕན”དང་། སྔོ་ལྗང་ནུས་སྐྱེད་དང་འཕེལ་རྒྱས“གཉིས་ཁེ”བྱུང་སྟེ། སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་བདེ། སྐྱེ་ཁམས་དམངས་ཆེད་བཅས་ཀྱི་རིན་ཐང་གི་ཁྲིད་སྟོན་གང་ལེགས་མངོན་ཡོད།

    ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ལས་ཁུངས་ཏང་ཀྲི་པུའུ་ཡིས་དཔེ་མཚོན་དུ་བྱས་པའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་གྲྭའི་འཛུགས་སྐྲུན་པ་དང་སྲུང་སྐྱོང་པ་ཚོས“ཐང་རྒོད་ཀྱི་རྣམ་པ་གསར་པར་སྒྱུར་བའི”དད་སེམས་བརྟན་པོ་བཅངས་ནས་ས་མཐོའི་སྐྱེ་ཁམས་འཛུགས་སྐྱོང་གི་བཀྲག་མདངས་འཚེར་བའི་རྒྱུགས་ལན་ཞིག་ཕུལ་བ་རེད། “ལོ་ལྔའི་རིང་རི་ཀླུང་སྔོ་ལྗང་གིས་བཀླུབས་པའི”བརྗིད་ཉམས་ལྡན་པའི་ཁས་ལེན་དམ་བཅའ་སྔ་ས་ནས་རི་བོ་སྔོ་ལྗང་ཅན་དུ་སྒྱུར་བའི་ལག་ལེན་དུ་འཁྱོལ་ཡོད་པ་དང་། “ལོ་བཅུའི་རིང་ལྷ་ས་སྔོ་ལྗང་གིས་བརྒྱན་པའི”མཛེས་སྡུག་ལྡན་པའི་ཕུགས་འདུན་དེའང་ལྗོན་པའི་ལོ་འདབ་གསར་པ་རེ་རེ་རྒྱས་པ་དང་བསྟུན་ནས་འབྱུང་འགྱུར་གྱི་རེ་སྒུག་བྱ་ཡུལ་ལ་འགྱུར་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།