དབུ་ཤོག>གསར་འགྱུར།
  • བུད་མེད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ། ངོ་མཚར་གྱི་བཀྲག་མདངས་རབ་ཏུ་འཚེར།

    ​—— རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་ཉེར་དྲུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།      |     སྤེལ་དུས།  2026-08-16

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་མེད་པར་བཟོས་ནས། གཞུང་དོན་ཁང་ནས་དོན་ཏེ་འཐབ་ས་དང་པོར་བསྐྱོད་ཁར། དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་དམངས་ཀྱི་གནས་ཚུལ་རྟོག་ཞིབ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ལ་དྲོ་སྐྱིད་སྦྱིན་པ་བཅས་བྱས་ཏེ། བུད་མེད་དང་བྱིས་པའི་ལས་དོན་ཁག་དོན་འཁྱོལ་ཞིབ་ཚགས་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ་རེད།

    སེམས་ཤུགས་གཅིག་སྒྲིལ་གྱིས་རྒྱ་ཆེའི་བུད་མེད་ཀྱི་སྣེ་ཁྲིད་དེ་རྒྱང་ལམ་གསར་པར་བསྐྱོད་པ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཏེ། “ལྷོ་རི་བྱང་རི་མཉམ་དུ་སྐྲུན་པར་བུད་མེད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་བའི”འོས་འགན་ཤིང་འཛུགས་བྱེད་སྒོ་ཏན་ཏིག་སྤེལ་བ་མ་ཟད། འཐབ་ས་དང་པོའི་བུད་མེད་ལས་མིའི་དགོས་མཁོ་དང་རེ་སྒུག་ལ་དམ་པོར་དམིགས་ནས་མི་སེམས་དྲོ་བར་བྱེད་པའི་གཅེས་སྐྱོང་ཞབས་ཞུ་རྟག་ཏུ་བསྒྲུབས་པ་དང་། རང་འགུལ་ངང་ཁོང་ཚོར་ཉེ་བཅར་བྱེད་པ་དང་། སེམས་ཁུར། ཞབས་ཞུ་བཅས་བྱས་ཏེ། རི་རྒོད་བརྟན་སྲུང་དང་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་ཚོ་ཀུན་གྱིས་རྟོགས་ཐུབ་པ་དང་། བརྩི་བཀུར་ཐུབ་པ། བྱམས་སྐྱོང་ཐུབ་པ་བཅས་བྱས་པ་རེད།

    ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་དེ་ལས་གནས་བརྟན་སྲུང་བྱེད་པའི་ཐད་ནས་མངོན་པ་མ་ཟད། དམངས་ལ་ལེགས་སྐྱེས་འབུལ་བའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པའི་ཐད་ནས་ཀྱང་མངོན་བཞིན་ཡོད།

    ནག་ཆུའི་སློབ་གསོའི་འཐབ་ས་དང་པོར་རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དར་དམར་བའི་དཔེ་དམག་ཚེ་རིང་ལྷ་མོས་ལོ་31གི་རིང་ཉིན་གཅིག་ལྟར་གངས་ལྗོངས་ཀྱི་དམིགས་བསལ་སློབ་གསོར་ལེགས་སྐྱེས་ཕུལ་བ་སྟེ། ངང་རྒྱུད་རིང་པོ་དང་སྤྱོད་ཚུལ་ཏན་ཏིག་ལ་བརྟེན་ནས་ཕྲུ་གུ་དམིགས་བསལ་དེ་དག་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱས་དང་བྱེད་མུས་རེད།

    ཕྲུ་གུ་ཚོ་འཚར་ལོངས་ཡོང་བ་བྱེད་རིང་། ཚེ་རིང་ལྷ་མོས་ཐོག་མཐའ་བར་གསུམ་དུ་ངང་རྒྱུད་རིང་པོ་དང་། ཞིབ་ཚགས་པོ། གཅེས་སེམས་འཆང་བ་བཅས་རྒྱུན་འཁྱོངས་ཀྱིས་ལས་གནས་ཐོག་ལས་ཀ་ཏན་ཏན་ཏིག་ཏིག་སྒྲུབ་པ་དང་ཞིབ་ཕྲའི་ལས་དོན་དོ་དོ་ནན་ནན་གྱིས་བསྒྲུབས་ཤིང་། ལས་གནས་བརྟན་སྲུང་བྱས་ནས་ལོ་31སོང་རིང་། ཁོང་གིས་ཕྲུ་གུ་རེ་རེ་བཞིན་རིམ་གྱིས་འགྱུར་ལྡོག་བྱུང་ནས་འཚར་ལོངས་བྱུང་བར་དཔང་པོ་བྱེད་པ་དང་། སྤྱིར་བཏང་གི་ལས་གནས་བརྟན་སྲུང་ལ་བརྟེན་ནས་སློབ་གསོའི་ལས་དོན་པའི་འགན་འཁྲི་དང་ཐེག་པ་ཁུར་ལེན་མཚོན་པར་བྱས་ཡོད།

    སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཆེད། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔོན་ཐོན་གྱི་དཔེ་མཚོན་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སུ་གཏོང་བར་སྣེ་ཁྲིད་དང་མིག་དཔེའི་སྟོབས་ཤུགས་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ལ་སྣེ་ཁྲིད་མཐའ་འཁྱོངས་ཀྱིས་སྔོན་ཐོན་དཔེ་མཚོན་འདེམས་འཛུགས་གཏོད་དང་གཟེངས་བསྟོད་བྱེད་པའི་ལས་དོན་རྒྱུན་དུ་སྤེལ་བ་རེད། 

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དར་དམར་བའི་དཔེ་དམག་20དང་། གསུམ་བརྒྱད་དར་དམར་བ་60 དར་དམར་བའི་མཉམ་སྡེབ་40 བུད་མེད་ཀྱི་ཤེས་དཔལ་ལས་གནས་150 བུད་མེད་བྱས་རྗེས་འཇོག་མཁན་དཔེ་དམག་240 བུད་མེད་བྱས་རྗེས་འཇོག་མཁན་སྔོན་ཐོན་མཉམ་སྡེབ་80བཅས་བདམས་པ་དང་། ཕྱུག་འགྱུར་འཇོན་ཐང་ཅན་དང་། བུད་མེད་ལས་གཏོད་དཔེ་དམག མཐའ་སྲུང་བུད་མེད་དཔེ་བཟང་བ། དུས་བདེའི་བུད་མེད་སྲུང་དམག་སོགས་སྔོན་ཐོན་དཔེ་མཚོན་ཁག་གཅིག་སྐྱེད་སྲིང་བྱས་ཡོད་པ་རེད།

    འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ཏེ་བུད་མེད་ཀྱིས་ཕྱུག་འགྱུར་གྱི་ལམ་བུ་འདིང་བར་མཐུན་རྐྱེན་སྦྱར་བ།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འགྲོ་ཕན་གླིང་གི་ཚོང་ཁང་ནང་དུ་སླེབས་སྐབས། བོད་བཟོའི་ཉམས་འགྱུར་ཟབ་པ་ཡིད་ལ་འགོག་མེད་དུ་འཆར་ཞིང་། ཕར་ཆིན་བརྒྱབ་པའི་ལྟོ་ཕད་སྤུས་ལེགས་དང་བལ་གྱི་ཀམ་པ་ལི་མཐུག་པོ་སྒྲིག་གཤོམ་བྱས་འདུག རྙོག་འཛིང་ཆེ་བའི་རི་མོ་ཞིག་ཕར་ཆིན་དུ་བརྒྱབ་པའི་དངུལ་ཁུག་ཅིག་འདུག་པ་འདི་ནི“95ལོའི་རྗེས་སྐྱེས”བུ་མོ་མཚམས་ཆུང་གིས་ལག་བཙེམ་བརྒྱབ་པ་ཞིག་ཡིན་པ་བསམ་ཚོད་ལས་འདས།

    ལོ་བཅུ་ལྷག་ཙམ་རིང་ཁོང་གིས་འཁལ་འཐག་ལག་རྩལ་ལེགས་པར་སྦྱངས་པས་ད་ཆ་ཁོང་གིས་དངུལ་ཁུག་དང་། ལྟོ་ཕད། སྔས་འབོལ་སོགས་སྤུས་ལེགས་ཐོན་རྫས་བཟོ་ཐུབ་ཀྱི་ཡོད་པར་བརྟེན། མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་ཐུབ་ནས་སྲོལ་རྒྱུན་གྱི་ལག་ཤེས་ཐོན་རྫས་མང་ཚོགས་ཀྱི་འཚོ་བའི་ནང་ཁྱབ་པ་མ་ཟད། ཁྱིམ་ཚང་གི་ཡོང་འབབ་གསོག་པའི་ཐབས་ལམ་ཡང་རྒྱ་ཆེར་ཕྱིན་ཡོད།

    “མ་གཞི་ང་ནི་རྩིས་འཁོར་སྦྱོང་མཁན་ཞིག་ཡིན་ཡང་། འབྲོག་རར་ལོག་རྗེས་གསོ་ཚགས་ཀྱི་ལས་ཀ་བྱས་ནས། གཞན་དང་འདྲ་བར་ཚང་མའི་སྣེ་ཁྲིད་དེ་ཕྱུག་པོ་ཆགས་ཐབས་བྱེད་ཀྱི་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དུ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་བདེ་ཆེན་དཔའ་མོས་འདི་ལྟར་ཤོད་ཀྱིན་བདེ་ལྕག་འཁྱུག་པོས་ལག་ཐོགས་ཁ་པར་ནས་རིག་ལྡན་འབྲོག་རའི་ལྟ་སྐུལ་ཚོད་འཛིན་གྱི་གྲངས་གཞིར་ལྟ་བཞིན་འདུག རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གནད་ཐོག་རོགས་སྐྱོར་བྱས་པའི་བུད་མེད་སློབ་གྲྭ་ཆེ་མོ་བའི་ལས་གཏོད་པ་ཁོང་གི་ལོ་རྒྱུས་ལ་མཚོན་བྱེད་རང་བཞིན་ཆེན་པོ་ལྡན་འདུག

    སློབ་གྲྭ་ཐོན་རྗེས་བདེ་ཆེན་དཔལ་མོར་གྲོང་ཁྱེར་ཆེ་མོ་ཞིག་ཏུ་ལས་ཀ་ཡག་པོ་ཞིག་རག་མོད། འོན་ཀྱང་ཕ་ཡུལ་གྱི་སྤུས་ལེགས་འབྲོག་ལས་ཐོན་ཁུངས་ལ་དེང་རབས་ཅན་གྱི་དོ་དམ་བྱ་རྒྱུ་མ་འདང་བའི་རྐྱེན་གྱིས་རིན་གོང་མཐོ་པོ་རག་གི་མེད་པ་ཤེས་པས། ཕ་ཡུལ་དུ་ལོག་ནས་ལས་གཏོད་གདམ་ག་བྱས། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་དེ་ཤེས་རྗེས་རང་འགུལ་ངང་སྔོན་ཚུད་ནས་ཞབས་འདེགས་ཞུས་ཏེ་ཁོང་ལ“བུད་མེད་ཀྱི་ལས་གཏོད་དངུལ་བུན”རེ་ཞུ་བྱེད་རོགས་བྱས་པ་མ་ཟད། ཞིང་འབྲོག་ལས་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཁྱིམ་གྱི་སྒོ་རྩར་མཛུབ་ཁྲིད་བྱེད་རོགས་བྱས།

    ད་ཆ་ཁོང་གིས་བཙུགས་པའི་མཉམ་ལས་ཁང་དུ་དྲ་སྦྲེལ་དང་འབྲོག་ར་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་ཡོད་པས། ཉེ་འཁོར་གྱི་དུད་ཚང་50ལྷག་ཙམ་གྱི་འབྲོག་པར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་2ལྷག་ཙམ་ཡོང་བའི་སྐུལ་ཁྲིད་ཐུབ་པར་བརྟེན། “བུད་མེད་སློབ་ཆེན་སློབ་མ”དེ་ཡུལ་མི་ཚོའི་བློས་འཁེལ་བའི“སྣེ་ཁྲིད་པར”གྱུར་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་འབྲོག་ཁུལ་གྱི་བུད་མེད་ཀྱི་ལས་ཞུགས་ལས་གཏོད་ཀྱི་ཞན་ཆར་དམིགས་ནས། “གྲོང་གསེབ་དར་རྒྱས་ཀྱི་བུད་མེད་བྱ་སྤྱོད”དང“ལས་གཏོད་གསར་གཏོད་ཀྱི་བུད་མེད་བྱ་སྤྱོད”ལག་བསྟར་ཤུགས་ཆེན་བྱས་པ་དང་། “བུད་མེད་ཀྱི་ཁྱིམ་ལས”དང་མི་རིགས་ལག་ཤེས་བསླས་འཐག་སོགས་ཁྱད་ལྡན་ཐོན་ལས་ལ་རོགས་སྐྱོར་བྱས་ནས་འཕེལ་རྒྱས་གཏོང་བར་བརྟེན་ནས། སྒོ་རྩར་བཟོ་གྲྭ་བསྐྲུན་པ་དང་སྒོ་རྩར་རྩལ་ནུས་གསོ་སྦྱོང་བྱས་ནས་བུད་མེད་ལས་ཞུགས་ཀྱི“མཐའ་མའི་འགག་གནད”དངོས་འབྲེལ་བསལ་བ་རེད།

    ཉམ་ཐག་བྱིས་པར་བརྩེ་བ་ཟབ་མོ་བཅངས་ནས་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་པ།

    རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་པའི་ཕན་འབྲས་ཕྲུ་གུ་ཚོའི་ངོ་གདོང་ནས་མངོན་པར་བྱས་ཏེ། གཞི་རིམ་གྱི་འཐབ་ས་དང་པོར་གཞུང་ལས་བསྒྲུབས་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོ་སྐྱིད་སྦྱིན་ཡོད་པ་རེད།

    རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོཌ་ཀྱིས“དཔྱིད་ཐིའུ་འཆར་གཞི”ལག་ལེན་བསྟར་ནས་ལོ་5ཡི་རིང་ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་སྦྱངས་ཐོན་གཟིགས་བཟོས་དངུལ་སྒོར་ཁྲི་1700ལྷག་ཙམ་སྤྲད་པས། ཉམ་ཐག་བྱིས་པ་བུ་མོ་མི་ཐེངས་4200ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    “ཁྱིམ་ཚང་ཚང་མ་བདེ་སྐྱིད་ཁམས་བཟང་ཡོང་བའི་ལས་གཞི”ལག་ལེན་བསྟར་རིང་། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཡིག་ཆའི་ཐོག་གཅེས་སེམས་མངོན་པའི་ཁ་ཙམ་གྱི་ཐུགས་ཁུར་བྱེད་སྟངས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་པ་དང་སེམས་རྣལ་དུ་ཕབ་ནས་ལས་དོན་ཁག་ཞིབ་ཕྲ་དང་ཏན་ཏིག་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།

    “གཅེས་སེམས་ཨ་མའི”ཆ་སྒྲིག་གཅེས་སྐྱོང་ལོ་གསུམ་གྱི་བྱ་སྤྱོད་སྤེལ་རིང་། ལྗོངས་ཡོངས་ཀྱི“གཅེས་སེམས་ཨ་མ”7867དང་གཞིས་ལུས་ཉམ་ཐག་བྱིས་པ་7367ཚང་མ་ཆ་སྒྲིག་གནད་སྨིན་ཐུབ་ཡོད།

    ནག་ཆུ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཚེ་རིང་བདེ་སྐྱིད་ནི་དཔུང་ཁག་དེའི་ཁྲོད་ཀྱི་ཕུལ་བྱུང་འཐུས་མི་ཞིག་ཡིན་ཞིང་། ལས་འགན་ལྕི་བ་དང་ཡོང་འབབ་ཕྲན་བུ་ལས་མེད་པས། ལས་ཀར་ཞུགས་མ་ཐག་ཁོང་ལ་ལས་དགོངས་ཞུ་རྒྱུའི་བསམ་བློ་འཁོར་མྱོང་། འོན་ཀྱང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་དང་དར་སྤེལ་བཏང་བའི“རང་ཕྲུག་ལ་གཅེས་པ་བཞིན་གཞན་ཕྲུག་ལ་གཅེས་པའི”ཀྲུང་གོའི་སྲོལ་རྒྱུན་བཟང་པོའི་འབོད་སྐུལ་དང་དེ་བཞིན་ཕྲུ་གུ་ཚོའི་རེ་སྒུག་ཟབ་མོ་ལས། ཁོང་གིས་མུ་མཐུད་ལས་གནས་བརྟན་སྲུང་བྱ་རྒྱུའི་གདམ་ག་བྱས་ཤིང་། དེ་ནས་བཟུང་ཁོང་གིས་ལོ་20ལྷག་ཙམ་ལས་གནས་བརྟན་པོར་བསྲུངས་པས་ཕྲུ་གུའི་ཚོའི་སྙིང་ཉེ་ཤོས་ཀྱི“གཅེས་སེམས་ཨ་མར”གྱུར་པ་དང་། ལས་ཀའི་གྲུབ་འབྲས་ཕུལ་དུ་བྱུང་བས་ཚེ་རིང་བདེ་སྐྱིད་ལ་2025ལོར“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”མཚན་སྙན་ཐོབ་ནས་གངས་ལྗོངས་སུ་རྩ་བ་བརྟན་ཚུགས་ཀྱི་བུད་མེད་གདོང་ལེན་པར་གྱུར་ཡོད་པ་རེད།

    ལྷོ་རི་བྱང་རི་སྔོ་ལྗང་གཡུ་ལོས་བརྒྱན་པ་ནས་ནག་ཆུའི་ལྷང་ལྷང་དུ་གྲགས་པའི་དཔེ་ཀློག་གི་སྒྲའི་བར་དང་། བོད་ཁྱིམ་སྒོ་ར་ནས་གྲགས་པའི་འཚེམ་འཁོར་གྱི་སྒྲ་ནས་ཐད་གཏོང་ནང་གི་ཅ་དངོས་འཚོང་བའི་སྒྲའི་བར། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྟག་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲི་སྒྲུབ་སེམས་དང་ལས་ཀ་ཚང་མ་དོན་ཐོག་ཏུ་འཁྱོལ་བའི་ལག་ལེན་བསྟར་ནུས་བར། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་བྱ་སྤྱོད་དངོས་ལ་སྒྱུར་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།