དབུ་ཤོག>གསར་འགྱུར།
  • གནམ་མཚོའི་ཐང་དུ་དར་རྒྱས་མེ་ཏོག་ལྷུག་པོར་བཞད།

    —— “ལྗོངས་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”དཔལ་མགོན་རྫོང་རབ་ཁ་ཤར་མ་གྲོང་ཚོའི་ཏང་ཀྲི་པུའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-15

    གནམ་མཚོའི་ཤར་ངོས་སུ་གནས་པ་དང་ཆ་སྙོམས་ས་བབ་སྨི་4700ཟིན་པའི་བྱང་རྩྭ་ཐང་གི་མཐིལ་དུ་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་ཆགས་ཤིང་། དེ་ནི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་བྱ་ཁྱུང་གྲོང་རྡལ་རབ་ཁ་ཤར་མ་གྲོང་ཚོ་རེད།

    2022ལོའི་ཟླ་11ཚེས་28ཉིན། དགུན་ཨ་རང་ད་རང་གི་སྐབས་སུ་བྱང་རྩྭ་ཐང་དུ་གནམ་གཤིས་ལྷག་པར་གྲང་མོད། རབ་ཁ་ཤར་མ་གྲོང་ཚོ་ཨུ་ལྷན་དུ་དྲོ་སོབ་སོབ་ཡོད་པ་སྟེ། སྒོ་རག་བཀྲ་ཤིས་གཡང་འཛོམས་འབྲོག་ལས་ཚད་ཡོད་ཀུང་སིའི་ཁེ་སྤོགས་བགོ་འགྲེམས་མཛད་སྒོ་སྐབས་དྲུག་པ་འཚོག་བཞིན་ཡོད་ཅིང་། དཔལ་མགོན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྥུའུ་ནན་ཅུང་གིས་བགོ་འགྲེམས་དངུལ་དང་གཅེས་སེམས་རོགས་སྐྱོར་མ་དངུལ་ཚང་མ་མཉམ་ལས་ཁང་གི་ཕྱུག་འགྱུར་སྣེ་འཁྲིད་པ་དང་ལོ་ན་མཐོ་བའི་རྒན་རྒོན་གྱི་འཐུས་མིར་སྤྲད་པ་རེད།

    དུས་ཐུང་ལོ་ཤས་ནང་གྲོང་ཚོའི་མཉམ་སྡེབ་ཁེ་ལས་དེའི་དངུལ་སྨར་བགོ་འགྲེམས་སྒོར་ཁྲི་32ནས་སྒོར་ཁྲི་310བར་འཕར་ཡོད།

    “གྲུབ་འབྲས་དེ་དག་ནི་རིམ་ཁག་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་ལ། གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་ཚན་ཁག་དང་། གྲོང་སྡོད་ལས་དོན་རུ་ཁག གྲོང་ཚོ་ཡོངས་ཀྱི་མི་དམངས་བཅས་ཀྱི་ཐུན་མོང་གི་འབད་བརྩོན་དང་དེ་བས་ཁ་འབྲལ་ཐབས་མེད”ཅེས་ཧྥུའུ་ནན་ཅུང་གིས་བཤད།

    སྔོན་ཆད། ས་བབ་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པའི་རང་བྱུང་ཁོར་ཡུག་གིས་རྐྱེན་པས། འབྲོག་པ་རྣམས་ཀྱི་ཡོང་འབབ་དུས་ཡུན་རིང་པོར་སྲོལ་རྒྱུན་གྱི་འབྲོག་ལས་རྐྱང་པར་བརྟེན་དགོས་སྟབས། འབབ་འཕར་གྱི་ཐབས་ལམ་ཡངས་པོ་མེད་ལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རྨང་གཞི་ཡང་ཞན་པོ་ཡོད། ད་ཆའི་འཕོ་འགྱུར་འདི་ལྟ་བུ་ནི་ཏང་ཀྲི་པུའི་སྣེ་ཁྲིད་གཉེར་སྐྱོང་མཉམ་ལས་ཁང་ལས་བྱུང་འགོ་ཚུགས་པ་སྟེ། ཕྱུགས་ཟོག་དང་། རྩྭ་ར། ངལ་ནུས་བཅས་མ་རྐང་ནང་ཞུགས་པ་ལས་འབྲོག་པ་ཚོ་རྐང་བདག་ཏུ་གྱུར་པ་མ་ཟད། ཁ་ཐོར་གྱི་ནོར་ལུག་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་གི་སྟོབས་ཤུགས་སུའང་གྱུར་ཡོད། 2021ལོར་གྲོང་ཚོས་གཉེར་བའི་ཁེ་ལས་དེ་ནག་ཆུ་གྲོང་ཁྱེར་གྱི་ཐོན་སྐྱེད་ཕན་འབྲས་ཅུང་ལེགས་པའི་མཉམ་ལས་ཁང་6གི་གྲས་ཤིག་ཏུ་གྱུར་པ་དང་། 2022ལོར་ཁེ་ལས་ཀྱིས་ལག་ཡོད་འབྲི་གཡག་གཏའ་མར་བཞག་སྟེ། ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་ནས“གྲོང་གསེབ་དར་རྒྱས། འབྲི་གཡག་ཐོན་ལས་ཀྱི་དངུལ་བུན”སྒོར་ཁྲི་700གཡར་བ་དེ་དག་འབྲི་གཡག་ཉོ་བ་དང་སྒྲིག་བཀོད་རིམ་སྤོར་ཐད་སྤྱད་པས་གསོ་ཚགས་གྱི་གཞི་ཁྱོན་ལྡབ་གཅིག་ཙམ་ཆེ་རུ་ཕྱིན་ཡོད།

    འབྲོག་ལས་དཔལ་འབྱོར་གྱི་རྨང་གཞི་ཇེ་བརྟན་དུ་ཕྱིན་པ་དང་བསྟུན་ནས་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་མིག་རྒྱང་དེ་བས་རིང་བར་ཕྱོགས་པ་སྟེ། གནམ་མཚོའི་ངོགས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་གནམ་མཚོའི་མགྲོན་ཁང་བོགས་མར་བླངས་ཏེ་སྒྱུར་བཀོད་གཉེར་སྐྱོང་བྱས་པ་རེད།

    རྣམ་གྲངས་ཆེན་པོ་དེར་ཁྱོན་མ་དངུལ་སྒོར་ཁྲི་1630བཏང་བའི་ནང་བོད་སྐྱོར་མ་དངུལ་སྒོར་ཁྲི་733བརྩོན་ལེན་བྱས་པ་ཕུད། དེ་བྱིངས་ཚང་མ་གྲོང་ཚོའི་མཉམ་སྡེབ་ཀྱིས་གྲབས་གསོག་བྱས་པ། དངུལ་གང་ནས་བྱུང་བ་དང་།

    ཉེན་ཁ་ཇི་ལྟར་སེལ་བ། ཡོང་སྒོ་ཇི་ལྟར་བགོ་འགྲེམས་བཅས་ཀྱི་ཐད། ཀྲི་པུའུ་ཡིས་གྲོས་འགོ་འདོན་པ་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་གྲོས་བསྡུར་བྱེད་པ་ནས་ཏང་ཡོན་གྱི་ཚོགས་ཆེན་ཐོག་གྲོས་ཞིབ་དང་གྲོང་མིའི་འཐུས་མིའི་ཚོགས་འདུའི་ཐོག་གྲོས་ཐག་གཅོད་པའི་བར། “གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་ལྷུ་ཚིགས་གཅིག་ཀྱང་མ་ལུས་པར་བྱས་ཡོད། རྣམ་གྲངས་ལག་བསྟར་ཐུབ་མིན་དང་། མ་དངུལ་གྲབས་གསོག ཁེ་སྤོགས་བགོ་འགྲེམས། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བཅས་ཀྱི་གནད་དོན་རེ་རེ་བཞིན་ཚོགས་འདུར་བཏོན་ཁར་ཏང་ཡོན་དང་། མང་ཚོགས། རྐང་བདག་བཅས་ཀྱི་བསམ་འཆར་རེ་རེ་བཞིན་ཉན་པ་རེད། དེས་ན་མང་ཚོགས་དངོས་འབྲེལ་རྣམ་གྲངས་ནང་ཞུགས་མཁན་དང་། ཇུས་ཐག་གཅོད་མཁན། ཕན་པ་ཐོབ་མཁན་བཅས་སུ་གྱུར་ཡོད།

    དེ་དང་ཆབས་ཅིག ལས་ཞུགས་ལ་སྐུལ་ཁྲིད་བྱས་ཤིང་། མགྲོན་ཁང་གཉེར་སྐྱོང་བྱེད་རིང་སྔོན་ལ་གྲོང་ཚོ་དེ་རང་དང་དེ་བཞིན་ཉེ་འཁོར་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་དང་མཐོ་སློབ་སློབ་ཐོན་སློབ་མ་ལས་མིར་བསྡུས་པས། མིག་སྔར་སློབ་གྲྭ་ཆེ་མོ་བ་9ལ་ལས་གནས་བརྟན་པོ་རག་པ་དང་རིམ་རྩིས་བརྒྱབ་ན་ཁྱོན་གླ་ཆ་སྒོར་ཁྲི་30.48སྤྲད་པ་མ་ཟད། ཕྱུགས་རྫིར་ཡང་ཁ་གསབ་གླ་ཆ་སྒོར་ཁྲི་8.4སྤྲད་ཡོད་པ་རེད།

    ཐོན་ལས་སྣ་མང་གི་གོམ་སྟབས་མགྱོགས་སུ་འགྲོ་བཞིན་ཡོད་ཅིང་། ད་ལོའི་ཟླ་4པར། དཔལ་མགོན་རྫོང་གི་ཚགས་ཤ་སྐམ་པའི་བཟོ་གྲྭ་འཛུགས་སྐྲུན་རྣམ་གྲངས་ཁག་གཅིག་གིས་ཡོངས་བསྒྲགས་ངང་འོས་སྐུལ་འོས་དཔོད་བྱས་པར། རབ་ཁ་ཤར་མ་གྲོང་ཚོའི་སྨི་ངོས་གྲུ་633ཟིན་པའི་ཚགས་ཤ་སྐམ་པའི་བཟོ་གྲྭ་དང་དེའི་ཞོར་གཏོགས་ལས་གྲྭ་ཡང་ཚུད་ཅིང་། དེའི་འཛུགས་སྐྲུན་མ་དངུལ་2026ལོའི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་མ་དངུལ་ལས་བྱུང་བ་དང་ལས་ཡུན་ཟླ་14ཡིན་པ་རེད། སྲོལ་རྒྱུན་འབྲོག་ལས་ནས་རིག་གནས་ཡུལ་སྐོར་ཞབས་ཞུའི་བར་དང་དེ་ནས་འབྲོག་ལས་ཐོན་རྫས་ལས་སྣོན་བྱེད་པའི་བར། ས་མཐོའི་གྲོང་ཚོ་དེའི་ཐོན་ལས་ཀྱི་ཁྱབ་ཁོངས་སྔར་བཞིན་རྒྱ་ཆེར་འགྲོ་བཞིན་ཡོད།

    ད་ལོའི་ཟླ་6ཚེས་26ཉིན། ལྗོངས་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ་དང་། ཚོགས་ཆེན་ཐོག་རབ་ཁ་ཤར་མ་གྲོང་ཚོའི་ཏང་ཀྲི་པུའུ་ལ“ལྗོངས་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་མཚན་སྙན་སྤྲད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།