དབུ་ཤོག>གསར་འགྱུར།
  • མི་མེད་ལུང་སྟོང་ཁུལ་གྱི་སྲོག་ཆགས་སྲུང་སྐྱོང་བ།

    —— འཛམ་གླིང་གི་ཆ་སྙོམས་ས་བབ་མཐོ་ཤོས་ཀྱི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བསྐྱོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-08-15

    འདི་ནི་མ་ཡེར་རི་སྐྱེས་སྲོག་ཆགས་དོ་དམ་ས་ཚིགས་ཀྱི་བདག་སྐྱོང་བས་སྦག་སྦག་བཏང་ནས་སྐོར་སྲུང་བྱེད་བཞིན་པ།

    ཆ་སྙོམས་ས་བབ་སྨི་5000ལྷག་ཙམ་ཟིན་པའི་བོད་བྱང་ཐང་གི་མི་མེད་ལུང་སྟོང་ཁུལ་ནི་མིའི་རིགས་འཚོ་གནས་དཀའ་བའི་གནས་ཤིག་ཡིན་མོད། འོན་ཀྱང་སྲོག་ཆགས་ཁྲི་སྟོང་མང་པོའི་ཁྱིམ་གཞིས་རེད། ཉེ་བའི་ལོ་ཤས་རིང་། བདག་སྐྱོང་བ་དང་། གྲོང་ཚོ་རིམ་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ། སྐྱེ་ཁམས་ཉེན་རྟོག་པ། ས་གནས་དེ་གའི་འབྲོག་པ་བཅས་ཁག་གཅིག་གིས་འདི་གར་སྲུང་སྐྱོང་གི་ལས་ལ་གཞོལ་བཞིན་ཡོད་པས། རེ་ཞིག་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྣམས་རྒྱུན་ཆད་མེད་པར་རྒྱུད་འཕེལ་བྱུང་དང་འབྱུང་བཞིན་ཡོད་པ་རེད། དེ་བས་གསར་འགོད་པས་སྲུང་སྐྱོང་བ་ཚོར་ཉེ་བཅར་གྱིས་ཁུལ་དེའི་མི་ཚོགས་དཀྱུས་མ་ཁོང་ཚོའི་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་སྐོར་ཟིན་ཐོར་བཀོད་པ་ཡིན།

    བང་སོའི་རྡོ་རིང་གཅིག་དང་སྲུང་སྐྱོང་བ་མང་པོ་ཞིག

    ཟླ་7ཚེས་12ཉིན་བྱང་ཐང་གི་མི་མེད་ལུང་སྟོང་ཁུལ་དུ་སྔོན་གཤེགས་དཔའ་བོ་ནོར་བུ་གཡུ་རྒྱལ་གྱི་གྱོན་ཆས་བང་སོའི་རྡོ་རིང་འགྱིང་ངེར་གནས་ཤིང་། ནོར་བུ་གཡུ་རྒྱལ་གྱི་བུ་མོ་རྒན་པ་ཚེ་དབང་ལྷ་མོས་བང་སོའི་རྡོ་རིང་ལ་ལྟ་བཞིན་དུ་ངུས་ནས་དབུགས་འཁར་བཞིན་ཡོད་པ་རེད།

    དེ་ནི་ཚེ་དབང་ལྷ་མོ་འདིར་ཨ་ཕར་མཆོད་འབུལ་བྱེད་པར་ཡོང་ཐེངས་དང་པོ་ཡིན་ཞིང་། ཁོང་ཉི་མ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་བདག་སྐྱོང་རུ་ཁག་དང་མཉམ་དུ་རྫོང་གྲོང་ནས་ཐོན་ཏེ་མི་མེད་ལུང་སྟོང་ཁུལ་དུ་ཉིན་གཅིག་དང་ཕྱེད་ཀ་ཙམ་བསྐྱོད་རྗེས། གཞི་ནས་མ་ཡེར་རི་སྐྱེས་སྲོག་ཆགས་དོ་དམ་ས་ཚིགས་ཀྱི་གནས་ས་རྙིང་པ་དེར་འབྱོར་ཡོད། རྫོང་ནགས་ལས་དང་རྩྭ་ཐང་ཅུས་རྩྭ་ཐང་ས་ཚིགས་ཀྱི་ཀྲན་ཀྲང་སྐལ་བཟང་གྲགས་པས་ཐག་རིང་གི་རི་སུལ་ལ་མཛུབ་མོ་བཙུགས་ནས་ཚེ་དབང་ལྷ་མོར་ལོ་24ཡི་གོང་ཁྱེད་རང་གི་ཨ་ཕ་དེའི་ཉེ་འགྲམ་དུ་སྐུ་གཤེགས་པ་རེད་ཅེས་བཤད།

    2002ལོའི་ཟླ་6ཚེས་1ཉིན། ཉི་མ་རྫོང་ནགས་ཚལ་སྤྱི་བདེ་མངགས་གཏོང་ཁང་གི་རིམ་པ་དང་པོའི་ཉེན་རྟོག་པ་ནོར་བུ་གཡུ་རྒྱལ་གྱིས་སྐོར་གཡེང་ཡན་ལག་རུ་ཆུང་གི་སྣེ་ཁྲིད་དེ་རི་སྐོར་རྒྱག་སྐབས་གཙོད་ལྐོག་རྔོན་རྒྱག་མཁན་མཐོང་བ་དང་། འཕྲལ་མ་ཉིད་དུ་དེ་དག་བཟུང་རྩིས་བྱས་ཤིང་། མེ་མདའ་རྒྱག་རེས་བྱེད་སྐབས་ནོར་བུ་གཡུ་རྒྱལ་གྱི་དབུ་ལ་མེ་མདའ་ཕོག་ནས་སྐུ་གཤེགས་པ་དང་། སྐབས་དེར་ཁོང་དགུང་ལོ་40ལས་ཟིན་གྱི་མེད་པ་རེད།

    བང་སོའི་རྡོ་རིང་དང་ཐག་མི་རིང་བའི་སར་ཁྱུ་བསྒྲིགས་པའི་གཙོད་ཀྱིས་རི་ཀླུང་བརྒལ་ནས་གནས་སྤོ་བཞིན་ཡོད་པ་དང་ཝ་མོ་འགའ་ཤས་དེའི་འགྲམ་ནས་འགྲོ་བཞིན་ཡོད་པ་རེད། མི་མེད་གནམ་གྲུའི་པར་ཆས་ལས་དྲེད་མོང་ནང་ཚང་རྩེད་འཇོར་རོལ་བཞིན་ཡོད་པ་དང་། འབྲོང་ཞིག་རླུང་བུའི་ཁྲོད་རང་དགར་རྒྱུ་བཞིན་ཡོད་ལ། ཐང་དཀར་རྒོད་པོ་ཞིག་གིས་ལྡིང་སྐོར་རྒྱག་གིན་རི་བོང་ཞིག་འདེད་བཞིན་ཡོད་པ་མཐོང་ཐུབ།

    སྐལ་བཟང་གྲགས་པས། 2015ལོར་བོད་ཀྱིས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནག་ཆུ་དོ་དམ་ཅུས་བཙུགས་པ་དང་། མིག་སྔར་དོ་དམ་ས་ཚིགས་36བསྐྲུན་ནས་བདག་སྐྱོང་བ་དང་། གྲོང་ཚོ་རིམ་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ། སྐྱེ་ཁམས་ཉེན་རྟོག་པ། འབྲོག་པ་དཀྱུས་མ་བཅས་ཀྱིས་མཉམ་དུ་སྲུང་སྐྱོང་བྱེད་པའི་དྲ་བ་ཞིག་ཆགས་ཡོད་ཅེས་བཤད།

    ནོར་བུ་གཡུ་རྒྱལ་ཞེས་མིང་བཏགས་པའི་དོ་དམ་ས་ཚིགས་ཀྱི་ཁ་སྤྲོད་ནི་ནོར་བུ་གཡུ་རྒྱལ་གྱི་བུ་མོ་གཉིས་པ་སྲི་ཆོད་ལྷ་མོའི་ལས་ཀ་བྱེད་ས་ཉི་མ་གྲོང་རྡལ་མངགས་གཏོང་ཁང་རེད། ཉེན་རྟོག་སློབ་གྲྭ་ནས་ཐོན་རྗེས་སྲི་ཆོད་ལྷ་མོ་ཉི་མ་རྫོང་གི་སྐྱེ་ཁམས་ཉེན་རྟོག་པ་ཁག་དང་པོར་གྱུར་ཞིང་། ཁོང་གིས་སྐྱེ་ཁམས་སྲུང་སྐྱོང་དང་། གྲོང་གསེབ་ཏུ་བཅའ་ཁྲིམས་ཁྱབ་གདལ། བྱང་ཐང་དུ་སྐོར་གཡེང་བཅས་ཀྱི་འགན་འཁུར་བཞིན་ཡོད།

    རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བའི“བདེ་སྡུག”

    ཟླ་7ཚེས་13ཉིན་གྱི་ཞོགས་པའི་ཆུ་ཚོད་6པར་བོད་བྱང་ཐང་དུ་ད་དུང་ནམ་ལངས་མེད། ཡིན་ནའང་། ར་སྐོར་ནང་རོགས་སྐྱོབ་བྱས་པའི་གཙོད་ཕྲུག་ཁ་ཤས་ཀྱིས་འབའ་སྒྲ་སྒྲོག་བཞིན་ཡོད་པ་དང་། གུར་གྱི་ཉེ་འགྲམ་དུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་སྐལ་བཟང་ལྷུན་གྲུབ་ཀྱིས་བག་ཐུག་སྐོལ་བཞིན་ཡོད་པ་རེད།

    འདི་ག་ནི་མི་མེད་ལུང་སྟོང་གི་ས་བབ་མཐོ་ཤོས་ཀྱི་དོ་དམ་ས་ཚིགས་མཚོ་ནོར་མོ་ས་ཚིགས་ཀྱི་གནས་སྐབས་སྒར་ས་ཡིན་པ་དང་དེ་གཙོད་གནས་སྤོའི་བགྲོད་ལམ་ཐོག་ཏུ་གནས་ཡོད། ཀྲན་ཀྲང་ངག་དབང་བློ་གྲོས་ཀྱིས། ལོ་ལྟར་གཙོད་གནས་སྤོ་བའི་དུས་ཚིགས་སུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་14ཡིས་རེས་མོས་བརྒྱབ་ནས་འདིར་ཟླ་བ་གཅིག་ཙམ་སྡོད་ཀྱི་ཡོད། གཙོད་གནས་སྤོ་མང་ཤོས་ཀྱི་དུས་སུ་ཚང་མ་ཉིན་བཅུ་གྲངས་སྡོད་དགོས་ཀྱི་ཡོད་ཅེས་བཤད།

    ནམ་རིམ་བཞིན་ལངས་པ་དང་བསྟུན་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་ཁ་ཤས་ཀྱིས་སྦག་སྦག་གི་གློག་སྤར་ནས་སེར་ལུང་གཙང་པོའི་མཐའ་འཁོར་དུ་སྐོར་ཞིབ་བྱེད་པར་བསྐྱོད་ཅིང་། ཁོང་ཚོས་གཙོད་ཀྱི་གནས་སྤོ་ཚུལ་ཐོ་རུ་འགོད་པ་དང་ཁྲིམས་འགལ་ངང་དེ་གར་ཡོང་སྲིད་པའི་མི་བཀག་སྡོམ་བྱེད་ཀྱི་ཡོད། སྔོན་ཆད་སྐོར་སྲུང་བྱེད་སྐབས་གཙོ་བོ་ལྐོག་རྔོན་རྒྱག་མཁན་ལ་རྗེས་འདེད་དང་རྡུང་རྡེག་གཏོང་དགོས། ད་ཆ་ཁོང་ཚོའི་ལས་ཀ་གཙོ་བོ་ནི་སྲོག་ཆགས་ཁྱུ་ཚོགས་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོབ་བྱ་རྒྱུ་དེ་རེད། དགོས་ངེས་སྐབས་སྲོག་ཆགས་ཀྱི་ཁ་ཕྱོགས་སྟོན་རོགས་བྱས་ཏེ་ཉེན་ཁ་ལས་གཡོལ་ཐབས་བྱེད་དགོས་ཀྱི་ཡོད།

    སྲོག་ཆགས་དང་ཉིན་མཚན་མེད་པར་འགྲོགས་རྒྱུ་ཡོད་རུང་། ཁྱིམ་མི་དང་སྐར་མ་སྨིན་དྲུག་ཇི་བཞིན་ཁ་བྲལ་ནས་སྡོད་དགོས་ཀྱི་ཡོད། “ནང་མི་དྲན་ཚེ་སྦག་སྦག་བཞོན་ཏེ་སྤྱི་ལེ་བཅུ་གྲངས་བསྐྱོད་ནས་རི་སྟེང་དུ་ཁ་པར་གྱི་བརྡ་རྟགས་འཚོལ་བར་འགྲོ་གི་ཡོད། གལ་ཏེ་བརྡ་རྟགས་ཆད་པའི་གནས་ཚུལ་ཐོན་ན། ཉིན་བཅུ་གྲངས་ནང་མི་དང་སྐད་ཆ་ཚིག་གཅིག་ཀྱང་ཤོད་ཐུབ་ཀྱི་མེད། གནས་ཚུལ་འདི་ལྟ་བུ་ནི་རྒྱུན་གཏན་དུ་གྱུར་ཡོད”ཅེས་ཀརྨ་འཕྲིན་ལས་ཀྱིས་བཤད་པ་དང་། ཁོང་གིས། བཟའ་ཟླ་དང་ལོ་4ལ་སླེབས་པའི་བུ་མོས་འབྲོང་དང་། སྤྱང་ཀི དོམ་བཅས་འཕྲད་སྐབས་ཐག་རིང་ཙམ་གཡོལ་དགོས་པའི་མངགས་བྱ་ཡང་ཡང་བྱེད་ཀྱི་འདུག་ཅེས་བཤད།

    དགུན་དུས་འཐུང་ཆུ་དཀོན་པས་ཁོང་ཚོས་འཁྱགས་པ་བཞུར་ནས་ཆུ་སྐོལ་གྱི་ཡོད། ལམ་བར་དུ་སྦག་སྦག་ལ་སྐྱོན་ཤོར་ཚེ་ཕན་ཚུན་ཀུ་རེ་ཤོད་བཞིན་རྐང་ཐང་མར་ལོག་ཡོང་གི་ཡོད། དོ་དམ་ས་ཚིགས་སུ་གློག་ཆད་ན། ཚང་མས་སྨག་རུམ་གྱི་ཁྲོད་དུ་ཅི་འཕྲོས་མོལ་འཕྲོལ་བཤད་ནས་སྡོད་ཀྱི་ཡོད། ལམ་བར་དཀའ་ངལ་འཕྲད་སྐབས། མི་ཁ་ཤས་ཀྱིས་གླུ་གཞས་གཏོང་གི་ཡོད་མོད། འོན་ཀྱང་གླུ་སྒྲ་དེ་མ་ཐག་ཏུ་ལྷགས་པས་ཁྱེར་ནས་འཇམ་ཐིང་ངེར་འགྱུར་འགྲོ་གི་ཡོད།

    མི་མེད་ལུང་སྟོང་དེ་བས“མི་མེད”དུ་འགྱུར་བར་བྱེད་པ།

    ཟླ་7ཚེས་12ཉིན་གྱི་ཞོགས་པར། མ་དབྱེར་དོ་དམ་ས་ཚིགས་སུ་འབྲོང་ཆུང་ཆུང་གཉིས་ཀྱིས་རྭ་ཅོས་སྒོར་ཡང་ཡང་རྡུང་གི་ཡོད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་པད་མ་ཆོས་རྒྱལ་གྱིས། འདི་གཉིས་ནི་ན་ནིང་བསྐྱབས་པའི་འབྲོང་ཕྲུག་ཡིན་པ་དང་ད་ཆ་རང་རྐྱ་འཕེར་ཡོད། ཉིན་ཤས་གོང་ས་ཚིགས་ནས་ཕྱིར་གློད་པ་ཡིན། ཡིན་ནའང་ཐག་རིང་པོར་འགྲོ་མ་ནུས་པར་ཉེ་འགྲམ་དུ་སྡོད་པ་དང་དུས་ཐོག་ཏུ་འོ་མ་འཐུང་བར་ཡོང་གི་འདུག་ཅེས་བཤད།

    དེ་སྔོན་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་ཞིག་གིས་ཆུ་ནང་ནས་གཙོད་ཆུང་ཆུང་ཞིག་བསྐྱབས་པ་དེར“ཆུང་ཆུང”ཞེས་མིང་བཏགས། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་སྦྲ་གུར་གྱི་ཕྱིར་བསྐྱོད་ཚེ་དེས་ཀྱང་དེའི་རྒྱབ་ཏུ་འགྲོ་བ་དང་ཁོང་ཚོ་ངལ་གསོ་བརྒྱབ་ནས་སྡོད་སྐབས་དེས་ཀྱང་ཁོང་ཚོའི་རྐང་པར་བསྙེས་ནས་སྡོད་ཀྱི་ཡོད། ཟླ་བ་བཞིའི་རྗེས་སུ་ཆུང་ཆུང་ཡང་གཙོད་ཁྱུ་དང་མཉམ་དུ་དེ་ནས་ཁ་བྲལ་བ་རེད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བས་རྟག་ཏུ་ཁོང་ཚོར་སྤྱང་ཀིའམ་ཡང་ན་གསའ་འཕྲད་ཨེ་ཡོང་སྙམ་ནས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།

    སེང་གེ་གཙང་པོའི་ངོགས་སུ་གཙོད་ཁྱུ་ཡིས་གཙང་པོ་བསྒྲལ་ནས་བསྐྱོད་ཅིང་། ཉི་མ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཅིན་ཡུང་གིས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་རྒྱུན་མཐུད་སྲུང་སྐྱོང་བྱས་པ་ལས་གཙོད་ཁྱུའི་གཞི་ཁྱོན་ཉེ་བའི་ལོ་ཤས་རིང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ། དེ་ནས་གནས་སྤོ་བའི་གཙོད་ལོ་ལྟར་ཁྲི་15ལྷག་ཙམ་ཟིན་པ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་མི་ཉུང་བ་ཞིག་གིས་ལོ་མང་རིང་སྐོར་སྲུང་ལྟ་ཞིབ་བྱས་པར་གཞིགས་ན། དོན་དུ་གྲངས་འབོར་དེ་ལས་མང་བ་ཡོད་པའི་ངོས་འཛིན་གྱི་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།