ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱིས་བཏང་བའི་འདས་བརྡ།
བློ་མཐུན་ཀྲུའུ་རུང་ཅི་སྐུ་གཤེགས་པ།

བློ་མཐུན་ཀྲུའུ་རུང་ཅི་ཡི་སྐུ་ཚེ་ཧྲིལ་པོ་ནི་གསར་བརྗེའི་སྐུ་ཚེ་ཧྲིལ་པོ་དང་། འབད་འཐབ་ཀྱི་སྐུ་ཚེ་ཧྲིལ་པོ། འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྐུ་ཚེ་ཧྲིལ་པོ། གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ལ་རང་ནུས་ཡོད་རྒུ་ལེགས་སྐྱེས་ཕུལ་བའི་སྐུ་ཚེ་ཧྲིལ་པོ་བཅས་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཡིད་ཤིན་ཏུ་སྐྱོ་བའི་ངང་བརྡ་ཁྱབ་གཏོང་རྒྱུ་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་ལྷག་བསམ་རྣམ་དག་གི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཁྱད་དུ་འཕགས་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན། ཏང་དང་རྒྱལ་ཁབ་ཀྱི་ཕུལ་བྱུང་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་སྐབས་བཅུ་བཞི་པ་དང་སྐབས་བཅོ་ལྔ་པའི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་ཙུང་ལི་བློ་མཐུན་ཀྲུའུ་རུང་ཅི་སྙུན་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་2026ལོའི་ཟླ་8ཚེས་12ཉིན་གྱི་ཆུ་ཚོད་11དང་སྐར་མ་06ལ་པེ་ཅིང་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ་98རེད།
བློ་མཐུན་ཀྲུའུ་རུང་ཅི། 1928ལོའི་ཟླ་10པར་འཁྲུངས། ཧུའུ་ནན་ཁྲང་ཧྲ་བ། 1948ལོའི་ཟླ་12པར་གསར་བརྗེའི་ལས་ཀར་ཞུགས། 1949ལོའི་ཟླ་10པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཁོང་སྐུ་ན་ཕྲ་བའི་དུས་ནས་མེས་རྒྱལ་ལ་དགའ་ཞེན་དང་། སློབ་སྦྱོང་ལ་འབད་བརྩོན། ཡར་རྒྱས་བརྩོན་ལེན། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་བཅས་གནང་ཞིང་། 1947ལོ་ནས་1951ལོ་བར། ཆིང་ཧྭ་སློབ་ཆེན་གློག་འཕྲུལ་ཚན་ཁག་གི་གློག་འཕྲུལ་བཟོ་སྐྲུན་ཆེད་ལས་སུ་སློབ་སྦྱོང་གནང་བ་དང་འབྲེལ“དམངས་གཙོ་རིང་ལུགས་གསར་པའི་གཞོན་ནུའི་མནའ་འབྲེལ”ནང་ཞུགས། 1951ལོ་ནས་1952ལོ་བར། བྱང་ཤར་བཟོ་ལས་པུའུ་འཆར་འགོད་ཁྲུའི་ཐོན་སྐྱེད་འཆར་འགོད་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས། 1952ལོ་ནས་1958ལོ་བར། སྔ་རྗེས་སུ་རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་འབར་འགུལ་ཅུས་དང་ཕྱོགས་བསྡུས་ཅུས་ཀྱི་ཙུའུ་ཀྲང་དང་། རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་ཀྲུའུ་རེན་གཞུང་ལས་ཁང་གི་ཁྲུའུ་ཀྲང་གཞོན་པ། རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་འཕྲུལ་ཆས་ཅུས་ཕྱོགས་བསྡུས་ཁྲུའི་ཁྲུའུ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས། 1958ལོ་ནས་1969ལོ་བར། སྔ་རྗེས་སུ་རྒྱལ་ཁབ་འཆར་འགོད་ཨུ་ཡོན་ལྷན་ཁང་ལས་བྱེད་པའི་ལས་ཞོར་སློབ་གྲྭའི་དགེ་རྒན་དང་རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་ཅུས་ཀྱི་ལག་རྩལ་ཆེ་མོ་བ་གནང་། 1970ལོ་ནས་1975ལོ་བར། རྒྱལ་ཁབ་འཆར་གཞི་ཨུ་ཡོན་ལྷན་ཁང་གི“ལྔ་བདུན”ལས་བྱེད་སློབ་གྲྭར་ངལ་རྩོལ་བྱེད་པར་བཏང་། 1975ལོ་ནས་1979ལོ་བར། སྔ་རྗེས་སུ་རྡོ་སྣུམ་བཟོ་ལས་པུའུ་ཡི་མདོང་ལམ་ཅུས་གློག་ཤུགས་འཕྲིན་གཏོང་བཟོ་སྐྲུན་ཀུང་སིའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཀྲུའུ་རེན་ལག་རྩལ་ཆེ་མོ་བ་གཞོན་པ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་བཟོ་ལས་དཔལ་འབྱོར་ཞིབ་འཇུག་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས། 1979ལོ་ནས་1983ལོ་བར། སྔ་རྗེས་སུ་རྒྱལ་ཁབ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་འབར་འགུལ་ཅུས་ཀྱི་ཁྲུའུ་ཀྲང་དང་། ཕྱོགས་བསྡུས་ཅུས་ཀྱི་ཅུས་ཀྲང་གཞོན་པ། ལག་རྩལ་སྒྱུར་བཀོད་ཅུས་ཀྱི་ཅུས་ཀྲང་། རྒྱལ་ཁབ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་བཞེས། 1983ལོ་ནས་1987ལོ་བར། སྔ་རྗེས་སུ་རྒྱལ་ཁབ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའི་ཁོངས་མི། རྒྱལ་ཁབ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས། 1987ལོ་ནས་1991ལོ་བར། སྔ་རྗེས་སུ་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཧྲི་ཀྲང་། གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས། ཁོང་གིས་ཧྲང་ཧའེ་ཡིས་བཟོ་ལས་གྲུབ་ཆ་ལེགས་སྒྲིག་དང་། འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་བསྐྱར་སྒྲིག རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པ། ཕུའུ་ཏུང་གི་གསར་སྤེལ་སྒོ་དབྱེ་དེ་ངོ་བོའི་རང་བཞིན་གྱི་འགོ་འཛུགས་དུས་མཚམས་སུ་སླེབས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཧྲང་ཧའེ་སྔར་བས་སྒྱུར་བཅོས་སྒོ་དབྱེ་དང་འཕེལ་རྒྱས་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་བཏོན་གནང་བ་རེད། 1991ལོར་བློ་མཐུན་ཀྲུའུ་རུང་ཅིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐོན་སྐྱེད་གཞུང་ལས་ཁང་གི་ཀྲུའུ་རེན་དང་ཏང་ཙུའི་ཧྲུའུ་ཅིའི་འགན་གཅིག་ལྕོགས་བཞེས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དཔལ་འབྱོར་ཚོང་དོན་གཞུང་ལས་ཁང་གི་ཀྲུའུ་རེན་དང་ཏང་ཙུའི་ཧྲུའུ་ཅིའི་འགན་གཅིག་ལྕོགས་བཞེས་ནས་འཕྲུལ་གློག་ནུས་རྒྱུ་དང་། ལྕགས་ལམ་འགྲིམ་འགྲུལ། ལྕགས་རིགས་བཞུ་སྦྱང་དང་རྫས་འགྱུར་བཟོ་ལས། ཡང་བའི་བཟོ་ལས་དང་འཁལ་འཐག་སོགས་ཀྱི་ལས་དོན་ཁག་བགོས་དོ་དམ་གནང་བ་རེད། 1992ལོའི་ཟླ་བཅུ་པར། བློ་མཐུན་ཀྲུའུ་རུང་ཅི་ཀྲུང་གུང་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ཨུ་ལ་བདམས་ཐོན་བྱུང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ལས་དོན་གྱི་འགན་བཞེས། 1993ལོའི་ཟླ་དྲུག་པར། ཀྲུང་གོ་མི་དམངས་དངུལ་ཁང་གི་ཧང་ཀྲང་གི་འགན་གཅིག་ལྕོགས་བཞེས། ཁོང་གིས་བློ་མཐུན་ཏེང་ཞའོ་ཕིང་གི་ལྷོ་ཕྱོགས་གསུང་བཤད་ཀྱི་དགོངས་དོན་དྲིལ་བསྒྲགས་ལག་བསྟར་ཧུར་ཐག་དང་ཏང་གི་ཚོགས་ཆེན་བཅུ་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གནང་ནས། སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གནང་ཡོད། “གསུམ་འབྲེལ་བུ་ལོན”གཙང་བཤེར་བྱ་རྒྱུའི་སྒྲིག་འཛུགས་བྱས་ཐོག་གཞི་སྒྱུར་རྩ་སྒྱུར་ལ་གཞི་བཙུགས་ནས་ཁེ་ལས་ཀྱི་གཉེར་སྐྱོང་གསོན་ཤུགས་ཆེ་རུ་བཏང་གནང་ཡོད། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་དེ་ལེགས་སུ་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་ཞིབ་འཇུག་གཏན་འབེབས་བྱས་ནས་ངོས་འཛིན་སྔར་བས་གཅིག་གྱུར་བྱས་ཏེ། དཔལ་འབྱོར་འཁྲུག་ཐལ་ཤོར་བ་ཡོ་བསྲང་དང་། དངུལ་ལོར་འགྲེམས་ཐལ་ཤོར་བ་ཚོད་འཛིན།“ལྷིང་བབ”ཐུབ་པ་བཅས་ཀྱི་ཆེད་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་གནང་ཡོད། ནོར་ཁྲལ་སྒྲིག་ལམ་དག་ཐེར་ཤུགས་ཆེན་བྱས་ནས་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་དམ་ནན་དང་། ཁྲལ་འབབ་བསྡུ་འདོམས་བྱེད་ཤུགས་ཆེར་གཏོང་། ནོར་ཁྲལ་སྒྱུར་བཅོས་མགྱོགས་སུ་གཏོང་བ་བཅས་བྱས་ནས། དངུལ་རྩའི་སྙོམས་སྒྲིག་མ་ལག་འཐུས་སྒོ་ཚང་དུ་བཏང་གནང་ཡོད། འབྲུ་རིགས་ཀྱི་རིན་གོང་དང་ཉོ་ཚོང་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་བླང་བྱ་དང་འཚམ་པའི་འབྲུ་རིགས་ཉོ་ཚོང་སྒྲིག་སྲོལ་བཙུགས་ཏེ། ཞིང་པ་རང་མོས་ཀྱི་རྨང་གཞིའི་ཐོག་འབྲུ་རིགས་འདེབས་མཁན་དུད་ཆེན་གྱིས་འགན་གཙང་བླངས་ནས་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་འཕེལ་རྒྱས་བཏང་གནང་ཡོད། 1997ལོའི་ཟླ་དགུ་པར། ཀྲུང་གུང་སྐབས་བཅོ་ལྔ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག བློ་མཐུན་ཀྲུའུ་རུང་ཅི་སླར་ཡང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱུན་ཨུ་ལ་བདམས་ཐོན་བྱུང་ཡོད། 1998ལོའི་ཟླ་གསུམ་པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག ཁོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བསྐོ་གཞག་གནང་ཞིང་ཕྱིས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའི་ཧྲུའུ་ཅིའི་འགན་ཡང་བཞེས། ཨེ་ཤེ་ཡའི་དངུལ་རྩའི་ཉམས་ཉེན་གྱི་རྡབ་རྡེག་དང་རྒྱལ་ནང་གི་ཆུ་ལོག་གནོད་འཚེ་ཧ་ཅང་ཚབས་ཆེན་མདུན་དུ། ཁོང་གིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར་དམ་ནན་འོས་འཚམ་གྱི་ནོར་སྲིད་དང་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་པ་ནས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་འཁྱོངས་ཀྱི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་པར་བསྒྱུར་ཏེ། རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་ཤུགས་ཆེན་དང་གཙོ་གནད་ཁྱབ་ཁོངས་སྒྱུར་བཅོས་ཟབ་ཏུ་བཏང་བས། དཔལ་འབྱོར་བརྟན་ལ་མགྱོགས་མྱུར་འཕར་སྣོན་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ཐོན་ལས་ཀྱི་གྲུབ་ཆ་དང་། ས་ཁུལ་གྱི་གྲུབ་ཆ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཆ་བཅས་ཕྱོགས་ཡོངས་ནས་ལེགས་སྒྲིག་བྱས་ཏེ་མཐོ་གསར་ལག་རྩལ་ཐོན་ལས་དང་ལྷག་པར་དུ་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། དེང་རབས་ཅན་གྱི་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། དཔལ་འབྱོར་འཕར་བའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ནུས་ལྡན་བཏང་གནང་ཡོད། “ཞིང་གསུམ”གནད་དོན་ཐག་གཅོད་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཡུལ་བབ་དང་བསྟུན་ཏེ་ཞིང་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་ལ་ཤུགས་སྣོན་བརྒྱབ་ནས། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་གནང་ཡོད། ཕྱི་ཕྱོགས་ལ་སྒོ་མོ་དབྱེ་རྒྱ་ཆེ་རུ་གཏོང་བ་དང་ཕྱིར་གཏོང་ལ་སྐུལ་ལྕག་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་ཐོག མི་དམངས་ཤོག་སྒོར་གྱི་འཛའ་ཐང་མི་ཆག་པ་མཐའ་འཁྱོངས་བྱས་ནས་ཁྲོམ་ར་སྣ་མང་ཅན་གྱི་འཐབ་ཇུས་དང་སྤུས་ཚད་ལ་བརྟེན་ནས་རྒྱལ་ཁ་ལེན་པའི་འཐབ་ཇུས་ལག་བསྟར་བྱས་ཏེ་ཕྱི་རྒྱལ་གྱི་མ་དངུལ་ཧུར་ཐག་འགུག་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་བེད་སྤྱོད་སྔར་བས་ཡག་པོ་བྱས་ཏེ། ཤང་ཀང་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་དར་རྒྱས་བརྟན་ལྷིང་ཡོང་བར་མཐའ་གཅིག་ཏུ་སྲུང་སྐྱོང་གནང་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ས་ཞིང་དང་གཏེར་ཁ་སོགས་ཀྱི་ཐོན་ཁུངས་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་འབབ་རྒྱུད་གཙོ་བོ་དང་ས་ཁོངས་གཙོ་བོ་སོགས་ཀྱི་སྦགས་བཙོག་ལ་བཅོས་སྒྲིག་གནང་ཡོད། གཞུང་ཁོངས་ཁེ་ལས་ཀྱི་ལས་ཤོར་ལས་བཟོའི་གཞི་རྩའི་འཚོ་བའི་འགན་སྲུང་དང་། ལས་ཤོར་འགན་བཅོལ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་བཅས་ཀྱི་ལམ་ལུགས་བཙུགས་པ་དང་། ལས་བཟོའི་གླ་ཕོགས་འགྱངས་ཆད་དང་ལས་བྲལ་ལས་བཟོ་བསྐྱར་དུ་ལས་ཞུགས་ཐུབ་རྒྱུ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་གནང་ཡོད། སྲིད་གཞུང་གི་འགན་ནུས་རྒྱུན་མཐུད་ངང་བསྒྱུར་བ་དང་སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་ནས་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་གནང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས་རྗེས་བློ་མཐུན་ཀྲུའུ་རུང་ཅིས་ད་དུང་སྔ་རྗེས་སུ་ཀྲུང་དབྱང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་། རྒྱལ་ཁབ་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རྒྱལ་ཁབ་ཚན་རྩལ་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འགག་གསུམ་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རྒྱལ་ཁབ་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་སོགས་ཀྱི་འགན་གཅིག་ལྕོགས་བཞེས་ནས་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་དང་། ཚན་རྩལ། སློབ་གསོ། ནུབ་རྒྱུད་ཐོན་འབྱེད་ཆེ་མོ། རྒྱལ་སྲུང་བཟོ་ལས་སོགས་ཁྱབ་ཁོངས་ལ་སྐུ་ལས་ཚད་མེད་བསྐྱོན་གནང་ཡོད།
བློ་མཐུན་ཀྲུའུ་རུང་ཅི་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འགན་བཞེས་རིང་། རང་རྒྱལ་འདི་ཉིད་འཆར་གཞིའི་དཔལ་འབྱོར་སྒྲིག་སྲོལ་ནས་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་དུ་བསྒྱུར་བའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། བློ་མཐུན་ཅང་ཙེ་མིན་གྱིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཁོང་གིས་ནོར་ཁྲལ་སྒྲིག་གཞི་སྒྱུར་བཅོས་ཀྱི་གཙོ་འགན་བཞེས་ཏེ་དྲང་གཞག་ཁྲལ་འཁུར་དང་ཁྲལ་བསྡུའི་ལམ་ལུགས་སྟབས་བདེར་གཏོང་རྒྱུ་ལྟེ་བར་བྱེད་པའི་ཁྲལ་བསྡུའི་ལམ་ལུགས་སྒྱུར་བཅོས་གལ་ཆེན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཀྲུང་དབྱང་དང་ས་གནས་ཀྱི་འགན་དབང་དབྱེ་འབྱེད་ལུགས་མཐུན་བྱས་པའི་རྨང་གཞིའི་ཐོག་ཁྲལ་དབྱེའི་ལམ་ལུགས་ཀྱི་ནོར་སྲིད་སྒྲིག་སྲོལ་ལག་བསྟར་གནང་བ་མ་ཟད། གྲོང་གསེབ་ཀྱི་ཁྲལ་གྲོན་སྒྱུར་བཅོས་ཚོད་ལྟའང་གནང་ཡོད། ཁོང་གིས་དངུལ་རྩའི་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཀྲུང་དབྱང་དངུལ་ཁང་གི་འགན་ནུས་སྔར་བས་ཚད་ལྡན་དུ་བཏང་བ། ཚོང་ལས་དངུལ་ཁང་དང་། ཕྱི་དངུལ་ལམ་ལུགས། འཛིན་ལོར་དང་དུས་བཅད་ཁྲོམ་ར་སོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ། རྒྱལ་ཡོངས་སུ་གཅིག་གྱུར་སྒོ་དབྱེ་དང་། གོ་རིམ་ལྡན་པའི་འགྲན་རྩོད། དོ་དམ་ནན་པོ་བཅས་ཀྱི་དངུལ་རྩའི་ཁྲོམ་རའི་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་གནང་ཡོད། ཁོང་གིས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱ་རྒྱུ་དེ་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་བྱེད་པའི་ལྟེ་བའི་ལྷུ་ཚིགས་སུ་བརྩིས་ནས“བདག་དབང་ཁ་གསལ་དང་། དབང་འགན་གསལ་བཟོ། སྲིད་ཁེ་ལོགས་དབྱེ། དོ་དམ་ལུགས་མཐུན”བཅས་ཀྱི་བླང་བྱ་ལྟར་དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་བ་དང་། འཐབ་ཇུས་ཀྱི་ཐོག་ནས་གཞུང་ཁོངས་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྲིག་དང་གཞུང་ཁོངས་ཁེ་ལས་བསྐྱར་སྒྲིག་བཅས་བྱས་ནས་ངེས་པར་དུ་ཐབས་བརྒྱ་ཇུས་སྟོང་གིས་ལས་གནས་ནས་བབས་པ་དང་ལས་ཤོར་མི་སྣ་བསྐྱར་དུ་ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་ནས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་ཡོད། ཁོང་གིས་སྡོད་ཁང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་སྡོད་ཁང་བགོ་འགྲེམས་ཁ་གསབ་དངུལ་ལོར་ཅན་དུ་རིམ་བཞིན་ལག་ལེན་བསྟར་བ་དང་། གོང་ཁེ་ཞིང་གོ་ཆོད་པའི་སྡོད་ཁང་གཙོ་བོར་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་རིམ་པ་མང་བའི་སྡོད་ཁང་མཁོ་སྤྲོད་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་གནང་ཡོད། ཁོང་གིས་འབྲུ་རིགས་འཁོར་རྒྱུག་སྒྲིག་གཞི་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་ནས་སྲུང་སྐྱོང་གོང་ཚད་ལྟར་ཞིང་པའི་འབྲུ་རིགས་ལྷག་མ་ཉོ་སྒྲུབ་བྱེད་པ་དང་། གཞུང་ཁོངས་འབྲུ་རིགས་ཉོ་ཚོང་ཁེ་ལས་ཀྱིས་ཁེ་ཚོང་རྒྱག་པ། འབྲུ་རིགས་ཉོ་སྒྲུབ་མ་དངུལ་བཀག་སྡོམ་ངང་འཁོར་རྒྱུག་བཅས་བྱེད་སྟངས་ཁྱབ་གདལ་བཏང་སྟེ། ཕྱིར་ཚོང་ཁུལ་གཙོ་བོའི་འབྲུ་རིགས་ཉོ་སྒྲུབ་ཀྱི་ཁྲོམ་ར་དང་རིན་གོང་རིམ་བཞིན་ལྷུག་ཏུ་བཏང་གནང་ཡོད། ཁོང་གིས་ད་དུང་སྤྱི་ཚོགས་འགན་སྲུང་སྒྲིག་སྲོལ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ། མ་འཇོག་མ་དངུལ་བསྡུ་གཏོང་སྒྲིག་སྲོལ་སོགས་སྒྱུར་བཅོས་གལ་ཆེན་རབ་དང་རིམ་པའི་གཙོ་འགན་བཞེས་ནས་ལག་བསྟར་གནང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་གཞི་རྩའི་སྒྲོམ་གཞི་འཛུགས་པར་སྐུལ་འདེད་བཏང་གནང་བ་དང་། རང་རྒྱལ་འདི་ཉིད་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཞུགས་པའི་དཀའ་ཚེགས་ཆེ་བའི་གྲོས་མོལ་གྱི་གཙོ་འགན་བཞེས་ནས་ལེགས་སྒྲུབ་གནང་སྟེ་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་གནང་ཡོད། བློ་མཐུན་ཀྲུའུ་རུང་ཅི་ཡིས་མི་དམངས་མང་ཚོགས་ལ་བརྩེ་སེམས་ཟབ་མོ་བཅངས་ནས་སྲིད་གཞུང་གི་ལས་དོན་པས་རང་ཉིད་ནི་མི་དམངས་ཀྱི་སྤྱི་ཞབས་པ་ཡིན་པ་བློ་ལ་བརྟན་པོར་ངེས་པ་དང་། སྐད་ཆ་དྲང་པོ་ཤོད་ཕོད་པ། ཕོག་ཐུག་གཏོང་བར་མི་སྐྲག་པ། དམིགས་བསལ་མི་བྱེད་པ། འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་རང་འགུལ་ངང་འགན་འཁྲི་ལྕི་པོ་འཁུར་བ་དང་དཀའ་བ་དང་ལེན་བཅས་གནང་སྟེ། མི་དམངས་མང་ཚོགས་ལ་བྱ་བ་དངོས་བསྒྲུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།
2003ལོའི་ཟླ་3པར། བློ་མཐུན་ཀྲུའུ་རུང་ཅི་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་གོ་གནས་བཞེས་མཚམས་བཞག འགོ་ཁྲིད་ཀྱི་ལས་གནས་ནས་ཕྱིར་འཐེན་གནང་རྗེས། ཁོང་གིས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་རྒྱབ་སྐྱོར་ཞུས་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེར་ཐུགས་ཁུར་གནང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་ཡོད།
བློ་མཐུན་ཀྲུའུ་རུང་ཅི་ཡི་སྐུ་ཚེ་ཧྲིལ་པོ་ནི་གསར་བརྗེའི་སྐུ་ཚེ་ཧྲིལ་པོ་དང་། འབད་འཐབ་ཀྱི་སྐུ་ཚེ་ཧྲིལ་པོ། འོད་སྟོང་འཕྲོ་བའི་སྐུ་ཚེ་ཧྲིལ་པོ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྐུ་ཚེ་ཧྲིལ་པོ། གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་ལ་རང་ནུས་ཡོད་རྒུ་ལེགས་སྐྱེས་ཕུལ་བའི་སྐུ་ཚེ་ཧྲིལ་པོ་བཅས་རེད། ཁོང་སྐུ་གཤེགས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་གྱོང་གུན་ཆེན་པོ་ཞིག་རེད། ང་ཚོས་སྡུག་བསྔལ་སྟོབས་ཤུགས་སུ་བསྒྱུར་ནས་ཁོང་གི་གསར་བརྗེའི་སྙིང་སྟོབས་དང་། བླ་ན་མེད་པའི་ཀུན་སྤྱོད། སྤྱོད་ཚུལ་བཟང་པོ་བཅས་ལ་སློབ་སྦྱོང་ཞུས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། གདེང་ཚོད་བརྟན་དུ་གཏོང་བ་དང་བློ་སེམས་གཅིག་མཐུན་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
བློ་མཐུན་ཀྲུའུ་རུང་ཅི་ནམ་ཡང་མི་ནུབ་པར་གྱུར་ཅིག
འབྲེལ་ཡོད་གསར་འགྱུར།