དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཀྲུང་གོ་མི་དམངས་དངུལ་ཁང་གི“ལོ་ལྔ་ཚན་བཅོ་ལྔ་པའི”སྒྱུར་བཅོས་འཕེལ་རྒྱས་ཀྱི་འཆར་འགོད》བཀྲམ་པ།

    ཚན་རིག་དང་མཐུན་ཞིང་གཟབ་བརླིང་གི་དངུལ་ལོར་སྲིད་ཇུས་མ་ལག་དང་ཕྱོགས་ཡོངས་ལ་ཁྱབ་པའི་གཞི་ཆེའི་གཟབ་ནན་དོ་དམ་མ་ལག་འཛུགས་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-13

    ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་གིས《ཀྲུང་གོ་མི་དམངས་དངུལ་ཁང་གི“ལོ་ལྔ་ཚན་བཅོ་ལྔ་པའི”སྒྱུར་བཅོས་འཕེལ་རྒྱས་ཀྱི་འཆར་འགོད》བཀྲམ་པ་དང་སྦྲགས་འབྲེལ་ཡོད་ཁྱབ་ཁོངས་ཞིབ་ཕྲ་ཁག་9ཡི་བྱ་སྤྱོད་ཇུས་གཞི་བཟོས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ཀྲུང་གོ་མི་དམངས་དངུལ་ཁང་གི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད།

    གཙོ་གནད་ལས་འགན་ཁག་ནང་ཚན་རིག་དང་མཐུན་ཞིང་གཟབ་བརླིང་གི་དངུལ་ལོར་སྲིད་ཇུས་མ་ལག་དང་ཕྱོགས་ཡོངས་ལ་ཁྱབ་པའི་གཞི་ཆེའི་གཟབ་ནན་དོ་དམ་མ་ལག་འཛུགས་རྒྱུ་དེ་ཨང་དང་པོར་སླེབས་ཡོད། འཆར་འགོད་ནང་བཏོན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དངུལ་ལོར་སྲིད་ཇུས་ཀྱི་སྒྲོམ་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་རྨང་གཞིའི་དངུལ་ལོར་གཏོང་སྤྲོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དངུལ་ལོར་གྱི་ཡིད་རྟོན་དངུལ་བུན་སྲིད་ཇུས་ཡོ་བྱད་ཀྱི་བསྡོམས་འབོར་དང་གྲུབ་ཆའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། ཁྲོམ་ར་ཅན་གྱི་སྐྱེད་ཚད་གྲུབ་པ་དང་། སྙོམས་སྒྲིག བརྒྱུད་འདྲེན་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དངུལ་བརྗེས་འཛའ་ཐང་གྲུབ་པའི་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ནས་མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་དེ་ལུགས་མཐུན་དང་དོ་སྙོམས་ཀྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་བྱེད་དགོས།

    འཆར་འགོད་ནང་བླང་བྱ་བཏོན་དོན། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཕན་འབྲས་མུ་མཐུད་ཆེ་རུ་གཏོང་དགོས། གནད་སྨིན་ནུས་ལྡན་གྱི་སྒོ་ནས་འཐབ་ཇུས་གལ་ཆེན་དང་། གཙོ་གནད་ཁྱབ་ཁོངས། ཉམས་ཞན་ལྷུ་ཚིགས་བཅས་ལ་རྒྱབ་སྐྱོར་བྱེད་པའི་དངུལ་རྩའི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཚན་རྩལ་གསར་གཏོད་དང་འཚམ་པའི་ཚན་རྩལ་དངུལ་རྩའི་སྒྲིག་སྲོལ་འཛུགས་པ་དང་། བུན་ལོར་ཁྲོམ་རའི“ཚན་རྩལ་དཔེ་དབྱིབས”སྤུས་ཚད་མཐོན་པོས་འཛུགས་པ། དངུལ་རྩས་ལྗང་མདོག་འཕེལ་རྒྱས་དང་ཐཱན་ཉུང་ཕྱོགས་སྒྱུར་གྱི་སྤུས་ཚད་དང་ཕན་འབྲས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཀུན་ཕན་དངུལ་རྩའི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། རྒན་གསོའི་དངུལ་རྩའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གྲངས་འཛིན་དངུལ་རྩར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དངུལ་རྩས་འཛད་སྤྱོད་འཕེལ་རྒྱས་དང་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

    འཆར་འགོད་ནང་བཏོན་དོན། སྒོ་དབྱེ་བསྟུན་མཁས་དང་གསོན་ཤུགས་ཀྱིས་ཁེངས་པའི་དེང་རབས་དངུལ་རྩའི་ཁྲོམ་ར་མུ་མཐུད་འཛུགས་སྐྲུན་བྱེད་དགོས། རིགས་མང་བ་དང་རིམ་པ་མང་བའི་དངུལ་རྩའི་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་དངུལ་རྩའི་ཁྲོམ་རའི་ལས་རྣམ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་དངུལ་རྩའི་ཁྲོམ་རའི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱེད་དགོས། དངུལ་རྩའི་ཁྲོམ་རའི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དངུལ་རྩའི་ཁྲོམ་ར་འཁོར་རྒྱུག་བརྟན་པོ་ཐུབ་པར་སྲུང་སྐྱོང་བྱེད་དགོས།

    འཆར་འགོད་གཞིར་བཟུང་། ཀྲུང་གོ་མི་དམངས་དངུལ་ཁང་གིས་དངུལ་རྩའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བརྟན་པོ་གཏོང་བ་དང་། དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་དང་ཀྲུང་དབྱང་དངུལ་ཁང་གི་ཞབས་ཞུའི་མ་ལག་ལེགས་སུ་གཏོང་བ། བཀོད་སྒྲིག་ལུགས་མཐུན་དང་། བཅོས་སྐྱོང་ནུས་ལྡན། སྔོན་ཐོན་བློས་འཁེལ། བབ་བསྟུན་བཅས་ཀྱི་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་མ་ལག་ཆགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།