དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “APECཡི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་དེ་བས་མང་བ་ཐོབ་ངེས་རེད”

    ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྲིད་ཇུས་རྒྱབ་སྐྱོར་ཚོགས་ཆུང་གི་ཀྲུའུ་རེན་ལི་ཧྲན་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཁྲེན་ཧྲང་ཝུན།   |     སྤེལ་དུས།  2026-08-13

    “ན་ནིང་ཟླ་11པར། ཀྲུང་གོ་ཕྱོགས་ཀྱིས་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་བ་ལས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཡི་མཉམ་ལས‘ཀྲུང་གོའི་དུས་ཚོད’དུ་སླེབས་པ་མཚོན་ཡོད” ཉིན་ཤས་གོང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྲིད་ཇུས་རྒྱབ་སྐྱོར་ཚོགས་ཆུང་གི་ཀྲུའུ་རེན་ཁཱ་ལུའོ་སི·ལི་ཧྲན་ནས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་པ་དང་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་ཚོགས་འདུ་གཉེར་བའི་བརྗོད་དོན་གཙོ་བོར་གཏན་འཁེལ་བྱས་པ་དང་འབྲེལ། “སྒོ་དབྱེ་དང་། གསར་གཏོད། མཉམ་ལས”བཅས་ཀྱི་གཙོ་གནད་ཁྱབ་ཁོངས་ཆེན་པོ་གསུམ་བཏོན་ཡོད། “ཇུས་འགོད་དེས་APECཡི་ཐོག་མཐའ་བར་གསུམ་གྱི་ལྟེ་བའི་འདུ་ཤེས་རྒྱུན་མཐུད་བྱས་པ་མ་ཟད། ཁོངས་མི་ཁག་གིས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་བའི་ཐུན་མོང་གི་རེ་སྒུག་དང་ཡང་མཐུན་ཡོད་པས། དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།

    ལི་ཧྲན་གྱིས་བརྗོད་དོན། རྩ་འཛུགས་བཙུགས་པ་ནས་བཟུང་། APECཡིས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེར་སྐུལ་འདེད་གཏོང་བར་ཤུགས་བརྒྱབ་པ་དང་འབྲེལ། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དེ་ཉིད་ལས་འགན་གཙོ་བོར་བརྩི་གི་ཡོད། ད་ལོར། ཀྲུང་གོ་ཕྱོགས་ཀྱིས་ཐོག་མའི་བསམ་འདུན་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་སྡེ་གཞི་ཁག་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་སྐྲུན་པར་སྐུལ་འདེད་དང་། ས་ཁོངས་ཀྱི་མཁོ་སྤྲོད་འཁོར་འབྲེལ་གྱི་སྙུགས་ཤེད་ཆེ་རུ་གཏོང་བ་སོགས་ཀྱི་གྲོས་གཞིར་འགག་རྩའི་གྲོས་བསྡུར་རབ་དང་རིམ་པ་བྱེད་པར་ཡང་སྐུལ་འདེད་གཏོང་བཞིན་ཡོད། “ཕན་ཚུན་སྦྲེལ་མཐུད་བྱེད་པ་ནི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་རྨང་གཞི་གལ་ཆེན་ཞིག་རེད”

    ལི་ཧྲན་གྱིས་ངོས་འཛིན་བྱས་དོན། “འཕྲུལ་མི‘འགྲིམ་འགྲུལ་ཉེན་རྟོག་པར’གྱུར་ནས་ཁྲོམ་གཞུང་དུ་ལས་སྒྲུབ་བྱེད་པ་དང་། མི་དང་མཉམ་དུ་མིག་མངས་རྒྱག་པ། ཀོག་ཧྥེ་བཟོ་བ། མགྲོན་ཁང་དུ་ཞབས་ཞུ་མཁོ་འདོན་བྱེད་པ་སོགས་ནི་ལོ་མང་གོང་ཁྱབ་གདལ་བཏང་ཟིན་པས། མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། གསར་གཏོད་ལ་བརྟེན་ནས་ལག་རྩལ་གསར་པ་མགྱོགས་མྱུར་རིམ་འཇུག་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་བར་སྐུལ་འདེད་གཏོང་བཞིན་ཡོད་པས། དེ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་འགག་རྩའི་སྟོབས་ཤུགས་སུ་གྱུར་ཡོད་ལ། APECམཉམ་ལས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱང་རེད། ཀྲུང་གོའི་གསར་དར་ལག་རྩལ་འཕེལ་ཤུགས་ཆེ་བ་དང་གྲུབ་འབྲས་དེ་བས་མང་བས་དམངས་ཚོགས་ལ་ཕན་པ་ཐོབ་ཡོད། ད་ལོའི་ཟླ་7པར། ཁྲེང་ཏུའུ་རུ་འཚོགས་པའི་APECགྲངས་འཛིན་གཟའ་འཁོར་གྱི་བྱེད་སྒོས་དཔལ་འབྱོར་སྡེ་གཞི་ཁག་དབར་སྤེལ་རེས་དང་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་པར་རྩ་ཆེའི་ལས་སྟེགས་བཏོད་ཡོད།

    ཟླ་5པར་ཅང་སུའུ་སུའུ་ཀྲོའུ་རུ་འཚོགས་པའི་APECཚོང་དོན་པུའུ་ཀྲང་གི་ཚོགས་འདུའི་སྐོར་གླེང་སྐབས། ལི་ཧྲན་གྱིས། ཕྱོགས་གཅིག་ནས་ཚོགས་འདུའི་ཐོག་APECཡི“ཀྲུང་གོའི་ལོའི”པུའུ་ཀྲང་རིམ་པའི་གྲུབ་འབྲས་ཡིག་ཆ་ཐོག་མ་སྟེ། 《སུའུ་ཀྲོའུ་གསལ་བསྒྲགས》ལ་མིང་རྟགས་བཀོད་ནས། ཕྱོགས་ཁག་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་གྱི་གྲོས་རིམ་ལ་སྐུལ་འདེད་གཏོང་རྒྱུ་བསྐྱར་བསྒྲགས་བྱས་པ་དང་འབྲེལ། མཁོ་སྤྲོད་འབྲེལ་ཐག་ཆད་པ་དང་སྒྲིག་སྲོལ་ཐར་ཐོར་ཅན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་དམིགས་ནས་ས་ཁོངས་མཉམ་ལས་ཀྱི་ཇུས་གཞི་ཁ་གསལ་བཟོས་ཡོད། ཕྱོགས་གཞན་ཞིག་ནས་ཚོགས་འདུའི་ཐོག《APECཡི་གསར་གཏོད་དང་། འགྲན་རྩོད་ནུས་པ་དང་སྙུགས་ཤེད་ལྡན་པ་བཅས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་འཆར་འགོད》བཟོས་ཤིང་། དེའི་དམིགས་ཡུལ་ནི་ཞབས་ཞུའི་ཚོང་དོན་གྱི་མཁར་རྫོང་དབྱེ་འབྱེད་དང་ཉུང་དུ་གཏོང་ཆེད་རེད། ཞབས་ཞུའི་ལས་རིགས་ཀྱིས་APECཡི་དཔལ་འབྱོར་བསྡོམས་འབོར་གྱི་2/3བཟུང་བ་མ་ཟད། ལས་ཞུགས་མི་འབོར་མང་པོ་དང་འབྲེལ་བ་ཡོད་པས། བྱེད་ཐབས་དེས་ས་ཁུལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕར་བར་སྐུལ་མ་ནུས་ལྡན་ཐེབས་རྒྱུ་མ་ཟད། ལས་ཞུགས་ལའང་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བརྗོད།

    2009ལོར། APECདྲུང་ཡིག་ཁྲུའུ་རུ་ལས་ཀ་མ་བྱས་གོང་། ལི་ཧྲན་གྱིས་ཕེ་རུའི་ཕྱི་ཕྱོགས་ཚོང་དོན་དང་ཡུལ་སྐོར་པུའི་དཔོན་རིགས་ཀྱི་འགན་འཁུར་མྱོང་བ་མ་ཟད། དབུ་བཞུགས་གྲོས་མོལ་འཐུས་ཚབ་ཀྱི་ངོས་ནས་ཕེ་ཀྲུང་རང་མོས་ཚོང་དོན་གྲོས་ཆོད་ཀྱི་གྲོས་མོལ་ནང་ཞུགས་ནས་ཀྲུང་གོར་ཡུན་རིང་ལྟ་ཞིབ་བྱས་ཡོད། “2007ལོར་ངས་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་བྱས་པ་ཡིན། ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་རིང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་ཕྱོགས་སྒྱུར་ཧ་ཅང་ལེགས་པོ་བྱུང་འདུག ཀྲུང་གོས་མི་འབོར་དུང་ཕྱུར་མང་པོ་དབུལ་པོའི་གནས་ལས་ཐར་བར་བྱས་པས། དམངས་འཚོའི་བདེ་རྩ་མངོན་གསལ་དོད་པོས་ཆེ་རུ་དང་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་ཉིན་བཞིན་ཆེ་རུ་ཕྱིན་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྡེ་གཞི་ཆེ་གྲས་གཉིས་པ་ཡིན་པའི་ཀྲུང་གོས་རང་ངོས་འཕེལ་རྒྱས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་ལ། ཐོག་མཐའ་བར་གསུམ་དུ་འཛམ་གླིང་དཔལ་འབྱོར་བརྟན་པོ་དང་འཕར་བར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་རེད”ཅེས་ལི་ཧྲན་གྱིས་བརྗོད་པ་དང་། ཁོང་གིས“ཀྲུང་གོའི་སྐུལ་འདེད་དང་དཔལ་འབྱོར་སྡེ་གཞིའི་ཁོངས་མི་ཁག་གི་ཐུན་མོང་འབད་བརྩོན་འོག APECཡི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་དེ་བས་མང་བ་ཐོབ་ངེས་རེད”ཅེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།