“པར་ཙིར་དང་ཀྲུང་གོའི་དབར་ཞིང་འབྲོག་ཐོན་ལས་འཁོར་འབྲེལ་གྱི་མཉམ་ལས་ཟབ་ཏུ་གཏོང་བ་ནི་ཕྱོགས་གཉིས་པོའི་ཐུན་མོང་གི་གོ་སྐབས་ཤིག་རེད”

འདི་ནི་ཁེ་ལས་ཤིག་གི་འགྲེམས་སྟེགས་སུ་ལས་དོན་པས(གཡས་ཀྱི་གཉིས་པ)ལྟ་སྐོར་བར་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།
ཉིན་ཤས་གོང་། པར་ཙིར་སྲོག་ཆགས་སྤྲི་དཀར་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2026ལོའི་པར་ཙིར་རྒྱལ་སྤྱིའི་སྲོག་ཆགས་སྤྲི་དཀར་འགྲེམས་ཚོགས་ཧྲེང་པའོ་ལུའོ་རུ་གཉེར་ཞིང་། ཀྲུང་གོའི་ཁེ་ལས་བཅུ་གྲངས་ཚུད་པའི་འགྲེམས་ཞུགས་ཚོང་པ་400ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། དེའི་ནང་། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་དང་། སྐྱེ་དངོས་ལག་རྩལ། ཤ་རིགས་ལས་སྣོན་སོགས་ཤ་རིགས་དང་སྤྲི་དཀར་གྱི་འབྲེལ་ཡོད་ལས་རིགས་ཚུད་ཡོད་པ་རེད། འགྲེམས་ཚོགས་ཀྱིས་བཟའ་བཅའི་ལས་རིགས་ཀྱི་རྒྱུན་མཐུད་རང་བཞིན་དང་། སྐྱེ་དངོས་བདེ་འཇགས། མི་ཐབས་རིག་ནུས་ཉེར་སྤྱོད་སོགས་སྲོག་ཆགས་ཀྱི་སྤྲི་དཀར་ཐོན་རྫས་ཀྱི་འབྲེལ་ཡོད་གྲོས་གཞིར་དམིགས་ནས་གྲོས་བསྡུར་དང་རིགས་གཅིག་མཁས་ཅན་གྱིས་འཆད་ཁྲིད་བྱས་པ་རེད།
ཀྲུང་གོའི་ཁེ་ལས་བཅུ་གྲངས་ཀྱིས་ཤ་རིགས་དང་སྤྲི་དཀར་ལས་རིགས་ཀྱི་འབྲེལ་ཡོད་ཐོན་རྫས་དང་། ལག་རྩལ་དང་དེའི་ཐག་གཅོད་ཇུས་གཞི་བཅས་འགྲེམས་སྟོན་བྱས་པ་རེད། ཆིང་ཏའོ་ཚན་རྩལ་གསར་གཏོད་ཤིན་ཏཱ་ཚན་རྩལ་ཚད་ཡོད་ཀུང་སིས་ཟོག་འབྲེལ་དྲ་རྒྱ་སོགས་ལག་རྩལ་གྱི་རིག་ནུས་ཞིང་རའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་པ་རེད། “ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་སྤྱི་ཡོངས་ཀྱི་སྟོབས་ཤུགས་ཆེ་ཞིང་ལེ་ལག་ཆ་ཚང་བ་དང་། པར་ཙིར་གྱི་ཐོན་ཁུངས་ལེགས་ཆ་མངོན་གསལ་དོད་པ་དང་ཞིང་འབྲོག་ལས་ཀྱི་རྨང་གཞི་བརྟན་པས། རྒྱལ་ཁབ་གཉིས་པོས་ཐོན་ལས་ཀྱི་ཚད་རིམ་ཐད་རང་ཤུགས་ཀྱིས་གསབ་རེས་བྱེད་ཀྱི་ཡོད”ཅེས་ཀུང་སི་དེའི་ཏུང་ཧྲི་ཀྲང་ཝང་ཧྥུའུ་པའོ་ཡིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས། པར་ཙིར་གྱི་ཞིང་ར་མང་པོར་ཟོག་འབྲེལ་དྲ་རྒྱའི་མ་ལག་བཀོད་སྒྲིག་བྱས་མེད་པས་རིམ་སྤོར་བྱེད་དགོས་ཀྱི་ཡོད། ཀུང་སིས་གྲངས་གཞི་བསྡུ་སྒྲིལ་དང་། རྒྱང་ཁྲིད་མཐུན་སྦྱོར། རིག་ནུས་ཇུས་འགོད་སོགས་ཀྱི་ཐད་པར་ཙིར་གྱི་ཁྲོམ་རར་ཞབས་འདེགས་ཞུ་འདོད་ཡོད་ཅེས་བརྗོད།
གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ལོ་སྟོད་དུ། ཀྲུང་གོ་ནི་པར་ཙིར་གྱི་ཚགས་ཤ་དང་། བྱ་ཤ་ཕྱིར་གཏོང་བྱ་ཡུལ་ཆེ་ཤོས་དང་པོ་དང་། ཕག་ཤ་ཕྱིར་གཏོང་བྱ་ཡུལ་ཆེ་ཤོས་གསུམ་པ་དེ་རེད། པར་ཙིར་ཞིང་ལས་དང་འབྲོག་ལས་པུའི་པུའུ་ཀྲང་ཨན་ཏེ་ལེ·ཏེ་པའོ་ལཱ་ཡིས། སྲོག་ཆགས་ཀྱི་སྤྲི་དཀར་ཐོན་སྐྱེད་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་སྔོན་ཐོན་གནས་བབ་སྔར་བས་སྲ་བརྟན་དུ་གཏོང་བའི་ཆ་རྐྱེན་པར་ཙིར་ལ་འཛོམས་ཡོད། ལས་རིགས་དེས་པར་ཀྲུང་མཉམ་ལས་ལ་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་རེད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།