ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ལྗང་མདོག་ནུས་རྒྱུའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ།
ཨོ་སི་ཁྲུ་ལི་ཡའི་ཁུན་ཧྲི་ལན་ཀྲོའུ་ཉི་འོད་མཚོ་འགྲམ་དུ། ཨོ་སི་ཁྲུ་ལི་ཡའི་ཁྱིམ་སྤྱོད་གློག་ཆས་སིལ་ཚོང་ཚོང་པ་ཧ་ཝུའེ·ནུའོ་མན་གྱི་ཚོང་ཁང་གི་ཐོག་ཁར་ཉི་འོད་རབ་ཏུ་འཕྲོ་བཞིན་མཆིས། ཡུག་སྦྲེལ་གྱི་འོད་ཤུགས་ཀྱི་ལྷུ་ལག་གྲལ་སྟར་བསྒྲིགས་ཏེ་ཚོང་ལས་སྒྲིག་གཞི་ཧྲིལ་པོའི་གཉེར་སྐྱོང་ལ་ལྗང་མདོག་ནུས་རྒྱུ་མཁོ་འདོན་བྱས་ཡོད།
ཧ་ཝུའེ·ནུའོ་མན་གྱི་ཚོང་ཁང་གི་རྣམ་གྲངས་ཅིང་ལི་ཅེ་སེན་གྱིས“ན་ནིང་ནས་བཟུང་། ང་ཚོས་ཀྲུང་གོའི་ནུས་རྒྱུ་གསར་པའི་ཁེ་ལས་དང་མཉམ་ལས་གཏིང་ཟབ་བྱས་ནས། ཚོང་ལས་འཛུགས་སྐྲུན་གྱི་ཐོག་ཁའི་ཐོན་ཁུངས་གང་ལེགས་སྤྱད་དེ་མིག་སྔའི་བར་ཉི་འོད་མཚོ་འགྲམ་ས་ཁུལ་གྱི་ཚོང་ཁང་3ལ་ཉི་ནུས་མ་ལག་བསྒར་ཡོད། ང་ཚོས་རྩིས་ཤིག་བརྒྱབ་པ་ལྟར་ན། མིག་སྔའི་གློག་སྤྱོད་ཀྱི་གནས་ཚུལ་དང་གློག་རིན་ལ་ཚད་ལེན་ཞིབ་རྩིས་བྱས་པར་གཞིགས་ཚེ། ཚོང་ལས་ཉི་ནུས་མ་ལག་དེས་ཚོང་ཁང་གི་ཉིན་མོའི་གློག་སྤྱོད་དགོས་མཁོ་མང་ཆེ་བ་བསྐངས་ནས། ལོ་ལྟར་ཚོང་ཁང་ལ་ཨོ་སྒོར་ཁྲི་9(ཨོ་སྒོར་1ལ་མི་དམངས་ཤོག་སྒོར་4.77ཙམ་ཡིན་པ)ཙམ་གྲོན་ཆུང་ཐུབ་པ་མ་ཟད། གློག་ཤུགས་ལྷག་མ་གློག་དྲར་གཏོང་ཐུབ་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།
ཅེ་སེན་གྱིས། ཀྲུང་གོའི་ནུས་རྒྱུ་གསར་པའི་ཁེ་ལས་ཀྱིས་སྔོན་ཐོན་གྱི་ལག་རྩལ་སྒྲིག་ཆས་མཁོ་འདོན་བྱས་པ་མ་ཟད། ད་དུང་འོད་ནུས་དང་། ནུས་གསོག ནུས་རྒྱུ་དོ་དམ། རིག་ལྡན་ནུས་རྒྱུ་ཞབས་ཞུ་བཅས་གཞི་གཅིག་ཅན་གྱི་ཐག་གཅོད་ཇུས་གཞིའང་བཏོན་ཡོད། མ་ལག་དེས་ཁེ་ལས་ཀྱི་ནུས་རྒྱུའི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཚོང་ཁང་གི་གློག་སྤྱོད་མ་གནས་དམའ་རུ་གཏོང་བ། ཁེ་ལས་ཀྱི་ནུས་རྒྱུའི་འགན་ལེན་ནུས་པ་ཆེ་རུ་གཏོང་བ། གཉེར་སྐྱོང་གི་བརྟན་པོའི་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་ཐུབ་ཅེས་བརྫོད།
མིག་སྔར། ཧ་ཝུའེ·ནུའོ་མན་དང་ཀྲུང་གོའི་ཁེ་ལས་དབར་གྱི་མཉམ་ལས་རྣམ་གྲངས་གསར་པ་སྐྲུན་སྒང་ཡིན་པ་དང་། སྔོན་དཔག་བྱས་ན། ཀྲུང་གོའི་ཤེལ་གཟུགས་ནུས་རྒྱུའི་ནུས་ཆེའི་འོད་ཤུགས་ལྷུ་ལག་ཁག་670ཙམ་དང་། ཀྲུང་གོའི་སི་ཀེའི་ནུས་རྒྱུ་གསར་པའི་མཉམ་བསྲེས་ལྡོག་འགྱུར་ཡོ་ཆས་དང་ནུས་གསོག་མ་ལག་སོགས་སྤྱོད་རྒྱུ་རེད། རྣམ་གྲངས་བསྐྲུན་ཟིན་རྗེས། སྔོན་དཔག་བྱས་ན། ལོར་གློག་གཏོང་ཚད་ཆུ་ཚོད་ཀྲའོ་ཝ་584ཟིན་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།