ཧེ་ལུང་ཅང་དང་མཚོ་སྔོན་གྱི་རླུང་གློག་དང་འོད་གློག་པེ་ཅིང་དུ་ཐོག་མར་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་རྒྱལ་སའི་གློག་ཤུགས་ཉོ་ཚོང་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། རྒྱལ་སའི་གློག་ཤུགས་ཉོ་ཚོང་ལྟེ་གནས་ཀྱིས་ཧེ་ལུང་ཅང་དང་མཚོ་སྔོན་གློག་ཤུགས་ཉོ་ཚོང་ལྟེ་གནས་དང་མཉམ་འབྲེལ་བྱས་ཏེ། 2026ལོའི་དབྱར་ཁར་ཧེ་ལུང་ཅང་དང་མཚོ་སྔོན་གྱི་རླུང་གློག་དང་འོད་གློག་གི་ལྗང་མདོག་གློག་ཤུགས་པེ་ཅིང་དུ་བཏང་སྟེ་ཉོ་ཚོང་ཐོག་མར་བྱས་པ་རེད།
ད་ཐེངས་ཀྱི་རླུང་གློག་དང་འོད་གློག་གི་ལྗང་མདོག་གློག་ཤུགས་ཉོ་ཚོང་དབྱར་ཁ་དང་སྟོན་དགུན་གཉིས་ཀྱི་གློག་སྤྱོད་དུས་ཚོད་ནང་ཁྱབ་ཅིང་། ལྗང་མདོག་གློག་ཤུགས་ཆན་ཝ་ཆུ་ཚོད་དུང་ཕྱུར་2.34(མཚོ་སྔོན་གྱི་ཆན་ཝ་ཆུ་ཚོད་དུང་ཕྱུར་1.03དང་ཧེ་ལུང་ཅང་གི་ཆན་ཝ་ཆུ་ཚོད་དུང་ཕྱུར་1.31)གཏོང་རྩིས་ཡོད་པ་རེད། དེའི་ནང་དབྱར་དུས་གློག་སྤྱོད་མང་བའི་དུས་སུ་ཧེ་ལུང་ཅང་དང་མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་བཏང་བ་དེ་གློག་ཆན་ཝ་ཆུ་ཚོད་ཁྲི་4700ཟིན་རྒྱུ་རེད།
ད་ལོའི་ཚུན་དུ། པེ་ཅིང་གིས་ས་ཆ་གཞན་ནས་ལྗང་མདོག་གློག་མཁོ་སྤྲོད་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཉོ་ཚོང་སྒྲིག་འཛུགས་བྱེད་སྟངས་གསར་གཏོད་དང་། ལྗང་མདོག་གློག་ཤུགས་ཀྱི་བཀོལ་སྤྱོད་རྣམ་པ་རྒྱ་ཆེར་གཏོང་བ། སྤྱོད་མཁན་གྱི་སྣ་མང་དགོས་མཁོར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། པེ་ཅིང་ལྗང་མདོག་གློག་ཤུགས་ཀྱི་གྲོགས་ཚོགས་རྒྱུན་མཐུད་རྒྱ་ཆེར་བཏང་ཡོད། མིག་སྔར་ཧྭ་པེ་དང་། བྱང་ཤར། ནུབ་བྱང་། ལྷོ་ནུབ། ཧྭ་ཀྲུང་བཅས་ས་ཁོངས་ཆེན་པོ་ལྔ་ནས་ཡོང་བའི་ཞིང་ཆེན(རང་སྐྱོང་ལྗོངས)དང་ས་ཁུལ་16གིས་པེ་ཅིང་དུ་ལྗང་མདོག་གློག་ཤུགས་གཏོང་གི་ཡོད་ཅིང་། ད་ལོའི་ལོ་སྟོད་དུ་ལྗང་མདོག་གློག་ཤུགས་ཉོ་ཚོང་གི་གཞི་ཁྱོན་ཆན་ཝ་ཆུ་ཚོད་དུང་ཕྱུར་200ལྷག་ཙམ་ཟིན་པ་དང་། ས་ཁོངས་བརྒལ་བའི་ལྗང་མདོག་གློག་ཤུགས་ཉོ་ཚོང་བྱེད་ཚད་དུས་མཚུངས་ལས་88%འཕར་ནས་པེ་ཅིང་གི་ལྗང་མདོག་གློག་ཤུགས་མཁོ་འདོན་དང་འཛད་སྤྱོད་བྱེད་ཚད་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།