བོད་ལྗོངས་འགྲེམས་ཚོགས་སྐབས་དྲུག་པ་ཟླ་9ཚེས་1དང་2ཉིན་ལྷ་སར་གཉེར་རྒྱུ་ཡིན་པ།
ཚེས་11ཉིན་གྱི་སྔ་དྲོར། གསར་འགོད་པར་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་དྲུག་པའི(གཤམ་དུ“བོད་ལྗོངས་འགྲེམས་ཚོགས”ཞེས་བསྡུ་རྒྱུ)གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་བོད་ལྗོངས་འགྲེམས་ཚོགས་སྐབས་དྲུག་པ་2026ལོའི་ཟླ་9ཚེས་1དང་2ཉིན་ལྷ་སར་གཉེར་རྒྱུ་རེད།
སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱིས“རིག་གནས་ཡུལ་སྐོར་དམངས་ཕྱུག ཐོན་ལས་བོད་དར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། འགོ་ཚུགས་མཛད་སྒོ་དང་། འགྲེམས་རྫས་འགྲེམས་སྟོན། ཐོན་རྫས་འགྲེམས་ཚོང་། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བློ་འདྲི་སྤེལ་རེས། རིག་གནས་ཡུལ་སྐོར་འོས་སྦྱོར། ཐོན་ལས་ཚོང་འགུགས། རིག་གནས་ཡུལ་སྐོར་ཉམས་ལེན་བཅས་བྱེད་སྒོ་གཙོ་བོ་7ལས་གྲུབ་ཡོད། འགྲེམས་ཚོགས་ཀྱིས“4+4+X”ཡི་དེང་རབས་ཐོན་ལས་མ་ལག་ལ་དམ་པོར་དམིགས་ཏེ། འགྲེམས་ཁང་དང་པོར་ནུས་རྒྱུ་གཙང་མ་དང་། དམའ་དབྱིངས་དཔལ་འབྱོར། གྲངས་འཛིན་དཔལ་འབྱོར། བོད་ཀྱི་གསོ་བ་རིག་པ་སོགས་ཀྱི་ཐོན་ལས་འགྲེམས་སྟེགས་13བཙུགས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཕྱོགས་ཡོངས་ནས་མངོན་པར་བྱ་རྒྱུ་རེད། འགྲེམས་ཁང་གཉིས་པར་ས་མཐོའི་ཁྱད་ལྡན་ཐོན་རྫས་དང་། ལྗོངས་ཕྱིའི་སྤུས་ལེགས་ཐོན་རྫས། ནང་འདྲེན་ཐོན་རྫས་བཅས་ཀྱི་འགྲེམས་ཁུལ་ཆེན་པོ་3བཙུགས་ནས་རྒྱལ་ཁབ་27དང་། ཤང་ཀང་དང་ཨའོ་མོན་ས་ཁུལ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17 མཐའ་འཁོར་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་5 བོད་ལྗོངས་སོགས་ཀྱི་ཁེ་ལས་390ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་པའི་ཡིད་དབང་བཀུག་ཡོད།
འབྲེལ་ཡོད་གསར་འགྱུར།