དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “མཛའ་གྲོགས་ལམ”དུ་བསྐྱོད་པ།

    ཀ་ཏ་མན་རྡུའི་ནང་སྐོར་ལམ་བུར་བསྐྱོད་ནས་ཀྲུང་ནེའི་བརྩེ་སེམས་ཟབ་མོ་ཚོར་བར་བྱེད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-13

    འདི་ནི་ཀྲུང་གོས་རོགས་སྐྲུན་བྱས་པའི་ཀ་ཏ་མན་རྡུའི་ནང་སྐོར་ལམ་གྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ངོས་སུ་རླངས་འཁོར་མང་པོ་གོ་རིམ་ལྡན་པའི་ངང་སྐྱོད་བཞིན་པ།

    དབྱར་གཞུང་གི་ཞོགས་པའི་ཆུ་ཚོད་དྲུག་དང་ཕྱེད་ཀར་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་ཞོགས་པའི་ཉི་ཟེར་ལམ་ངོས་སུ་འཕྲོས་མ་ཐག ནང་སྐོར་ལམ་རྒྱུད་ཀྱི་ཚོང་ཁང་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་སྒོ་ཕྱེ་ནས་ཚོང་གཉེར་བྱེད་འགོ་ཚུགས། དེ་ནས་ཡུན་རིང་མ་སོང་བར་འགྲོ་ལམ་སྟེང་དུ་རླངས་འཁོར་དང་འགྲུལ་པ་ཇེ་མང་དུ་སོང་བ་དང་། ལས་ཀར་འགྲོ་མཁན་གྱི་རླངས་འཁོར་དང་ཕྲུ་གུ་སློབ་གྲྭར་སྐྱེལ་མཁན་གྱི་མི་རྣམས་ཕར་འགྲོ་ཚུར་འོང་བྱེད་པས། ཁྲོམ་གཞུང་ཧྲིལ་པོར་བྲེལ་བརྩོན་ཆེ་བའི་རྣམ་པས་ཁེངས།

    ནང་སྐོར་ལམ་དེ་དང་ཐོག་ཀྲུང་གོས་རོགས་སྐྲུན་བྱས་པ་ཞིག་ཡིན། འདས་ཟིན་པའི་ལོ་བཅུ་གྲངས་ནང་ཀ་ཏ་མན་རྡུ་གྲོང་ཁྱེར་གྱི་འགྲིམ་འགྲུལ་ལ་འདེགས་སྐྱོར་བྱེད་པའི་སྲོག་རྩ་ལྟ་བུ་ཞིག་རེད། གྲོང་ཁྱེར་གྱི་མི་འབོར་མང་དུ་ཕྱིན་པ་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་ལག་ཡོད་གྲངས་འབོར་ལྡབ་འཕར་བྱུང་བ་དང་བསྟུན་ནས། དེ་སྔའི་འགྲོ་ལམ་གྱིས་རིམ་བཞིན་དམངས་འཚོའི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ་དང་། ལམ་འགག་པ་དང་ལམ་དུམ་ཁ་ཤས་སུ་ཆུ་འཁྱིལ་ཞིང་། ལམ་ངོས་འབར་རེ་འབུར་རེར་གྱུར་ནས་གྲོང་མིའི་རྒྱུན་གཏན་གྱི་ཕྱིར་སྐྱོད་ལ་དཀའ་ངལ་འདྲ་མིན་བཟོ་བཞིན་ཡོད། 2019ལོའི་ཟླ་དང་པོར་ཀྲུང་གོ་སྲིད་གཞུང་གིས་རོགས་སྐྲུན་བྱས་པའི་ནེ་པ་ལའི་ཀ་ཏ་མན་རྡུའི་ནང་སྐོར་ལམ་གྱི་ལམ་འགག་ལམ་དུམ་སྒྱུར་བཀོད་ཀྱི་རྣམ་གྲངས(དུས་ཐེངས་དང་པོ)དངོས་སུ་རྩིས་སྤྲད་ཡོད།

    རིམ་སྤོར་བྱས་རྗེས་ཀྱི་འགྲོ་ལམ་དུ་གནད་དོན་འདི་དག་རྦད་དེ་ཐག་གཅོད་ཐུབ་ཡོད་ལ། རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་སྐབས་འཁྲུག་རྒྱག་གི་མེད་པ་དང་ཐལ་འཚུབ་ཡེ་ནས་ལངས་ཀྱི་མེད། སྒྱུར་བཀོད་བྱེད་པར་ལོ་གཉིས་ལྷག་ཙམ་འགོར་བའི་གྲོང་ཁྱེར་གྱི་མ་ལམ་དེ་ད་ཆ་ལམ་རྒྱུད་ཀྱི་གྲོང་མི་ཁྲི་བཅུ་ཙམ་གྱི་རྒྱུན་གཏན་འགྲོ་སྐྱོད་ཀྱི་བློས་འཁེལ་ཤོས་ཀྱི་ལམ་བུར་གྱུར་ཡོད་ལ། ཀྲུང་ནེའི་དམངས་འཚོའི་མཉམ་ལས་འབྲེལ་མཐུད་ཀྱིས་རྒྱུད་འཛིན་པའི་མང་ཚོགས་དང་འབྲེལ་འདྲིས་ཆེ་ཤོས་ཀྱི“མཛའ་གྲོགས་ལམ་བུ”ཞིག་ཀྱང་རེད།

    ནང་སྐོར་ལམ་དེའི་མཉམ་ལས་བྱེད་སྟངས་སྐོར་གསལ་པོ་རྟོགས་པར་བྱ་ཆེད། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་ནེ་པ་ལའི་ཁེན་ཐི་ཕུར་སྨྱན་སྦྱོར་ཚོགས་པའི་མཉམ་འབྲེལ་བཅར་འདྲི་ཚོགས་ཆུང་ཆེད་མངགས་ནེ་པ་ལའི་དངོས་ཁམས་རྨང་གཞིའི་སྒྲིག་བཀོད་དང་འགྲིམ་འགྲུལ་པུའི་གཞུང་ལམ་ཅུས་ཀྱི་གཞུང་ལས་ཐོག་བརྩེགས་ཁང་ཆེན་དུ་བསྐྱོད་པ་ཡིན། གཞུང་ལམ་ཡན་ལག་ཅུས་ཀྱི་ཅུས་ཀྲང་ཀེ་ཕར·ཕུའུ་ལ་ས་ཏེ·ཧ་ཁུའུ་ལེར་གྱི་གཞུང་ལས་ཁང་ནས་མཐོང་ཐུབ་པ་དང་ཚོར་ཐུབ་པའི་ལན་ཞིག་རྙེད་བྱུང་། འགྲོ་ལམ་དོ་དམ་ཐད་ལ་ལོ་མང་གི་ཉམས་མྱོང་ལྡན་པའི་ཀེ་ཕར་གྱིས་ཕྱི་ནས་ཡོང་བའི་ལས་གྲྭ་སྐྲུན་མཁན་མང་པོ་ཞིག་གིས་ལས་གྲྭ་བསྐྲུན་ཚར་མ་ཐག་མི་སྣ་སོགས་ཕྱིར་འཐེན་པའི་གནས་ཚུལ་མང་པོ་མཐོང་མྱོང་ཡོད། ཡིན་ནའང་ཀྲུང་གོའི་རོགས་སྐྲུན་རྣམ་གྲངས་ལས་ཁོང་ལ་རྦད་དེ་མི་འདྲ་བའི་མཉམ་ལས་བྱེད་སྟངས་ཤིག་མཐོང་ཡོད། ཀེ་ཕར་གྱིས“རྣམ་གྲངས་འདི་ལས་མངོན་པའི་རྒྱལ་སྤྱིའི་མཉམ་ལས་བྱེད་སྟངས་ནི་ལས་གྲྭ་འཛུགས་སྐྲུན་བྱེད་པ་ཁོ་ན་ཙམ་མིན། ཀྲུང་གོའི་ལག་རྩལ་དང་ཀྲུང་གོའི་དོ་དམ་བྱེད་སྟངས་ཀྱིས་མཉམ་དུ་རྣམ་གྲངས་སྐྲུན་འགན་འཁུར་མཁན་ནེ་པ་ལའི་ཁེ་ལས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཀྱི་ཡོད། མཉམ་ལས་བྱེད་རིང་ཁོང་ཚོ་སློབ་སྦྱོང་བྱེད་རྒྱུ་བྱུང་ནས་ཡར་རྒྱས་ཕྱིན་ཏེ། རང་རྐྱ་འཕེལ་བའི་སྒོ་ནས་དཀའ་ཚད་དེ་བས་ཆེ་བའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་སྐྲུན་ཐུབ་པའི་ཁེ་ལས་སུ་རིམ་བཞིན་འགྱུར་བཞིན་ཡོད། དེར་བརྟེན་མཉམ་ལས་བྱེད་སྟངས་དེ་ཧ་ཅང་ཡག་པོ་འདུག”ཅེས་བརྗོད།

    ནང་སྐོར་ལམ་བརྒྱུད་ནས་མདུན་དུ་སྐྱོད་དུས། ལམ་ངོས་སུ་རྒྱུན་གཏན་གྱི་བདག་སྐྱོང་བྱེད་བཞིན་ཡོད་པ་དང་། ནེ་པ་ལའི་གཞུང་ལམ་ཅུས་ཀྱི་བཟོ་བཀོད་པ་མཱ་ཏུའུ·ཁུའུ་མར·པ་སི་ནེ་ཐེས་བཟོ་པ་ཁྲིད་དེ་སྐོར་གཡེང་རྒྱག་པ་དང་འཕྲད་བྱུང་། ཁོང་གིས་སྒྱུར་བཀོད་དང་རྗེས་མཐུད་བདག་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས་ཡོད། ཁོང་གི་དཔྲལ་བར་རྔུལ་ཆུའི་ཟིལ་པ་ཁྲུམ་མེར་ཐོན་ཞིང་གོས་ཐུང་ལ་སྣུམ་ནག་ཕྲན་བུ་འགོས་འདུག གསར་འགོད་པར་ཁོང་གིས་ལམ་དེའི་སྔ་རྗེས་ཀྱི་འགྱུར་ལྡོག་སྐོར་གླེང་སྐབས། “ང་ཚོའི་བདག་སྐྱོང་ལ་རྒྱུན་གཏན་གྱི་བདག་སྐྱོང་དང་དུས་བཀག་གི་བདག་སྐྱོང་ཆེན་པོ་གཉིས་སུ་དབྱེ་གི་ཡོད། རྒྱུན་གཏན་གྱི་བདག་སྐྱོང་བྱེད་སྐབས་ཉིན་ལྟར་དུས་ཡུན་ཆུ་ཚོད་10བྱེད་པ་དང་། བདག་སྐྱོང་ཆེན་པོ་ལོ་5ལ་ཐེངས་རེ་བྱེད་ཀྱི་ཡོད། འདིར་བདག་སྐྱོང་ཆེན་པོ་བྱས་ནས་ལོ་གཉིས་མ་གཏོགས་སོང་མེད། ད་ལྟ་ས་ཆ་འདིའི་རྒྱུད་ལ་འཚོ་བའི་ཁོར་ཡུག་ཧ་ཅང་ལེགས་པས་ཚང་མས་ཧ་ཅང་མགུ་པོ་བྱེད་ཀྱི་འདུག”ཅེས་བཤད་པ་དང་། ཁོང་གིས་ལམ་འགྲམ་གྱི་གྲལ་སྟར་འགྲིག་པའི་ཆུ་འགྲོར་མཛུབ་མོ་བཙུགས་ནས། ན་ནིང་དབྱར་ཁ་ཀ་ཏ་མན་རྡུར་དྲག་ཆར་ཉིན་འགའ་བསྟུད་མར་བབས་སོང་། ཡིན་ནའང་སྐོར་ལམ་ཧྲིལ་པོར་གཞི་ཁྱོན་ཆེ་བའི་ཆུ་འཁྱིལ་མེད་ལ། ལམ་རྒྱུད་དུད་ཚང་གི་སྒོ་ར་ཆུས་བསྣུབས་པའི་གནས་ཚུལ་ཡང་ཐོན་མེད་ཅེས་བཤད།

    ད་ཆའི་ནང་སྐོར་ལམ་དུ་ཆུ་འགྲོ་ཤར་གཏོང་ཐུབ་པ་དང་། ལམ་འགྲམ་དུ་གྲིབ་བསིལ་གྱི་ལྗོན་ཤིང་བཙུགས་འདུག སྤྱི་སྤྱོད་རླངས་འཁོར་དང་། རླངས་འཁོར། སྦག་སྦག་བཅས་དབྱར་གཞུང་གི་ཉི་འོད་འོག་ཏུ་གོ་རིམ་ལྡན་པའི་ངང་སྐྱོད་བཞིན་ཡོད་པ་དང་། རྐང་ཐང་འགྲོ་ལམ་དུ་སློབ་མ་སྐྱེལ་མཁན་ཁྱིམ་བདག་དང་གྲོགས་པོ་ཆུང་ཆུང་ཚོ་བློ་བདེ་པོར་སྐྱོད་བཞིན་འདུག དེས་ན། ཁྲོམ་གཞུང་ཧྲིལ་པོར་བབ་ཆགས་ཤིང་བློ་བདེ་བའི་རྣམ་པས་ཁེངས་ནས་མིང་དོན་མཚུངས་པའི“མཛའ་གྲོགས་ལམ་བུ”ཞིག་ཏུ་གྱུར་འདུག

    དབྱར་གཞུང་གི་ཀ་ཏ་མན་རྡུའི“མཛའ་གྲོགས་ལམ་བུ”དེ་ནི་ཀྲུང་གོ་དང་ནེ་པ་ལས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མཉམ་ལས་བྱས་ནས་ལོ་བཅུ་ཕྲག་ཁ་ཤས་སོང་བར་ཕུལ་བའི་རྒྱུགས་ལན་ཞིག་རེད། དེར་འགྲེལ་པ་མང་པོ་རྒྱག་དགོས་མེད་པར་ཀྲུང་གོ་དང་ནེ་པ་ལའི་ལས་དབང་གཅིག་མཐུན་ཚོགས་པའི་དོན་སྙིང་དེ་མི་ཚང་མའི་བྲེལ་འཚུབ་ཆེ་བའི་རྒྱུན་གཏན་གྱི་འཚོ་བའི་ནང་དངོས་འབྲེལ་ཁྱབ་ནས་ཧི་མ་ལ་ཡ་བརྒལ་བའི་དྲོ་སྐྱིད་དེ་མི་སེར་ཚོའི་སེམས་ནང་དངོས་འབྲེལ་ཚོར་ཐུབ་པ་བྱུང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།