བོད་ཀྱི་རྐང་རྩེད་སྤོ་ལོ་རྒྱག་མཁན་ལོ་ཆུང་དག་འགྲན་བསྡུར་ཤོར་ཡང་འགྲན་ཡར་ཁ་བཏགས་གཡོགས་པས་བསྔགས་བརྗོད་ཀྱི་མེ་ཏོག་སྟོར་བ།
ཕུགས་འདུན་བློ་ལ་འཆང་། ཞུམ་མེད་མདུན་དུ་སྐྱོད།
མི་རིང་བའི་གོང“2034བུམ་པའི”སློབ་ཆུང་སློབ་མའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཆེ་མོ་སྐབས་དྲུག་པ(U12)སུའུ་ཀྲོའུ་རུ་མཇུག་འགྲིལ་བ་རེད། རུ་ཁག་128ནང་ནས་64འཛུལ་བའི་འགྲན་བསྡུར་ཁྲོད་བོད་ལྗོངས་ཕན་ཧྥུང་རྐང་རྩེད་སྤོ་ལོའི་རུ་ཁག་བསྡུར་གྲངས་0བསྡུར་11ཐོག་ནས་འགྲན་བསྡུར་ཤོར་མོད། འགྲན་བསྡུར་མཇུག་འགྲིལ་བའི་ཤུ་སྒྲ་གྲགས་སྐབས་རུ་མི་ཚོས་བློ་ཕམ་དང་འཁང་ར་མེད་པར་གྲལ་སྟར་འགྲིག་པོས་འགྲན་ཡར་དཀར་གཙང་གི་ཁ་བཏགས་གཡོགས་ནས་ཟོལ་མེད་ཀྱི་སྨོན་འདུན་ཞུས། བརྙན་ཐུང་དེ་དྲ་བའི་ཐོག་བསྐུར་རྗེས་ལྟ་མཁན་མང་པོ་བྱུང་ནས་དྲ་གྲོགས་མང་པོར་སེམས་འགུལ་ཐེབས། བསྔགས་བརྗོད་དང་དགའ་འབོད་ཀྱི་རྒྱབ་ཏུ་ས་མཐོའི་ལོ་ཆུང་དེ་དག་གི་རྐང་རྩེད་སྤོ་ལོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལམ་བུ་དེ་གཞི་ནས་མཐོང་ཐུབ།
ཕུགས་འདུན་མངོན་འགྱུར་བྱེད་པའི་ལམ་བུར་དཀའ་ངལ་སྣ་ཚོགས་འཕྲད་པ།
ད་རེས་སུའུ་ཀྲོའུ་རུ་འགྲན་བསྡུར་ལ་ཞུགས་སྐབས་རུ་མི་མང་པོ་ཞིག་ས་མཐོ་ནས་ཁ་བྲལ་ཐེངས་དང་པོ་རེད། དུས་ཡུན་རིང་པོ་བསིལ་ཞིང་སྐམ་ཤས་ཆེ་བའི་ས་མཐོར་འཚོ་བ་སྐྱེལ་ནས་བསྡད་པས་སུའུ་ཀྲོའུ་ཡི་ཚ་གདུག་དང་བཞའ་ཚན་ཆེ་བའི་གནམ་གཤིས་ཕྲུ་གུ་ཚོར་འཕྲོད་པོ་དེ་ཙམ་བྱུང་མེད། ལྷག་པར་དུ་ཉིན་མོ་འགྲན་བསྡུར་དྲག་པོ་བྱེད་དགོས་པས་རུ་མི་མང་པོ་ཞིག་ལ་ཚད་པ་ཕོག་པ་དང་མགོ་ཡུ་འཁོར་བ་སོགས་ཀྱི་ནད་རྟགས་ཐོན་པ་དང་ད་དུང་ཕྲུ་གུ་ཁག་གཅིག་ས་ཆུ་མ་འཕྲོད་པའི་རྐྱེན་གྱིས་ལམ་སེང་སྨན་ཁང་དུ་འགྲོ་དགོས་འཁེལ་ཡོད།
གནམ་གཤིས་མ་འཕྲོད་པ་ཕུད་ཕྱོགས་གཉིས་པོའི་གཟུགས་པོའང་ཧེ་བག་མངོན་གསལ་དོད་པོ་ཡོད་པ་རེད།
མ་གཞི་ཕྱོགས་གང་ས་ཅི་ཐད་ནས་ལེགས་ཆ་མེད་ནའང་ཕན་ཧྥུང་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་མི་ཆུང་ཆུང་ཚོས་ཐོག་མཐའ་བར་གསུམ་དུ་དཔའ་མ་ཞུམ་པར་འགྲན་བསྡུར་ཚང་མར་རང་ནུས་ཡོད་རྒུ་བཏོན་པས། སྤྱི་ཡོངས་ཀྱི་སྦྱངས་འབྲས་སྐབས་གོང་མའི“2034བུམ་པ”དང་བསྡུར་ན་ཡར་རྒྱས་མངོན་གསལ་དོད་པོ་ཕྱིན་ཡོད།
ད་རེས་ཀྱི་འགྲན་བསྡུར་ནང་དཀྱིལ་སྲུང་འཛིན་པ་ཐར་ཕྱིན་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། “འགྲན་རར་སླེབས་རྗེས་འགྲན་བསྡུར་ཚང་མ་ཡག་པོ་བྱེད་དགོས་བསམ་པ་ལས་གཞན་དག་གང་ཡང་བསམ་བློ་འཁོར་གྱི་མི་འདུག འགྲན་བསྡུར་མཇུག་འགྲིལ་རྗེས་ང་ངུ་ཤོར་བྱུང་། འོན་ཀྱང་ལམ་སེང་མིག་ཆུ་འཕྱིས་ནས་འགྲན་ཡར་ཁ་བཏགས་གཡོགས་པར་ཕྱིན་པ་ཡིན། ངས་ཁོང་ཚོར་སྙིང་དབུས་ནས་འགྲན་བསྡུར་དེ་བས་མང་བ་ཐོབ་པ་དང་གྲུབ་འབྲས་དེ་བས་ལེགས་པ་ཐོབ་པའི་སྨོན་འདུན་ཞུས་པ་ཡིན”ཞེས་བཤད།
དཀའ་སྡུག་གི་ལོ་ཟླའི་ནང་མདུན་སྐྱོད་ཀྱི་གོམ་སྟབས་མཚམས་བཞག་མེད་པ།
ལྷ་ས་གཙང་འགྲམ་སྤྱི་གླིང་གི་རྐང་རྩེད་སྤོ་ལོའི་ཐང་དུ་སྦྱོང་བརྡར་ར་བ་སྐྱ་ཐེར་དུ་གྱུར་ཟིན་པ་དང་། སྤོ་ལོ་བླུག་སའི་དྲ་བ་བརྡོལ་ཟིན་ལ། ངོ་གདོང་ཡང་སྨུག་ཕྱིའི་འོད་ཐིག་གིས་འཚིགས་ནས་དམར་སྨུག་ཏུ་གྱུར་ཟིན་ནའང་སུའུ་ཀྲོའུ་ནས་ས་མཐོར་ལོག་པའི་ལོ་ཆུང་དེ་ཚོས་གྲུག་གོས་སྣ་ཚོགས་གྱོན་ནས་སླར་ཡང་འཛུམ་མདངས་དང་བཅས་རྒྱུག་བཞིན་མཆིས།
གཙོ་ཤུགས་རུ་མིའི་གྲས་ཡིན་པའི་ལོ་11ལ་སླེབས་པའི་བཀྲ་ཤིས་ཚེ་དབང་གི་གདོང་ལ་གྲོ་ཐིག་ཅུང་ཙམ་ཡོད་པ་དང་མཁུར་ཚོས་གཉིས་པོ་ཉི་མས་འཚིགས་ནས་དམར་པོར་གྱུར་ཡོད། གྲུག་གོས་དཀར་པོ་ཨང་ཀི་3པ་གྱོན་པའི་ཁོ་པའི་མིག་ཟུང་ལས་སྡུག་རུས་ཅེས་པའི་ཐ་སྙད་དེ་མཐོང་ཐུབ།
རྩལ་འཁྲིད་པ་ཚེ་རིང་སྟོབས་རྒྱལ་གྱིས་གསར་འགོད་པར་བཀྲ་ཤིས་ཚེ་དབང་གི་ཁྱིམ་ཚང་སྐྱོ་པོ་ཡིན་ཡང་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཞིག་ཡིན་པ་དང་སློབ་གྲྭའི་ནང་པན་ཀྲང་ཡིན་ཞིང་། སྦྱངས་འབྲས་ལེགས་ལ། སྦྱོང་བརྡར་བྱེད་སྐབས་ག་དུས་ཡིན་ཡང་ནན་ཏན་ཚ་ཤོས་དང་ཧུར་ཤོས་དེ་རེད་ཅེས་བཤད།
མིག་སྔར་བཀྲ་ཤིས་ཚེ་དབང་དང་འདྲ་བར་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཡོད་ཀྱང་གཟུགས་པོའི་བྱང་ཚད་ལེགས་ཤིང་རྐང་རྩེད་སྤོ་ལོའི་ལྷན་སྐྱེས་ཤེས་རབ་ཤུགས་ཆེན་ལྡན་པའི་ཕྲུ་གུ་ཚོས་ཕན་ཧྥུང་སྐྱིད་སྡུག་གི་སྤྱི་ཕན་སྦྱོང་བརྡར་སྒར་ས་ནས་རིན་མེད་ངང་སྦྱོང་བརྡར་བྱེད་ཆོག ཁོང་ཚོའི་སྦྱོང་བརྡར་གྱི་རིན་པ་དང་ལྷམ་གོས་ཀྱི་འགྲོ་སོང་། ཐ་ན་ལྗོངས་ཕྱིར་འགྲན་བསྡུར་ལ་བསྐྱོད་པའི་འགྲོ་སོང་ཚང་མ་སྐྱིད་སྡུག་དང་ཡིད་མཐུན་རོགས་སྐྱོར་ཚོང་པས་འགན་འཁུར་གྱི་ཡོད།
ས་མཐོའི་ལོ་ཆུང་གིས་སྦྱོང་བརྡར་བྱས་ནས་ཚད་བརྒལ་ཡོང་བའི་རེ་སྒུག་བྱེད་པ།
ད་རེས་སུའུ་ཀྲོའུ་ཡི་འགྲུལ་བཞུད་ལས་རྩལ་འཁྲིད་པ་ཚེ་རིང་སྟོབས་རྒྱལ་གྱིས་ལྗོངས་ཕྱིའི་རུ་ཁག་ཡིན་ནའང་འདྲ། ཁོང་ཚོ་དང་འདྲ་བར་ས་མཐོར་གནས་པའི་མཚོ་སྔོན་ཡུལ་ཤུལ་གྱི་གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་རུ་ཁག་ཡིན་ནའང་འདྲ། གང་ལྟར་ནའང་དེ་ཚོ་དང་བསྡུར་ན་ཧེ་བག་ཆུང་ཆུང་མིན་པ་གསལ་པོར་རྟོགས་ཡོད།
“ང་ཚོའི་རེ་བར་བོད་དུ་སྔ་ཙམ་ཆེད་ལས་ཅན་གྱི་རྐང་རྩེད་སྤོ་ལོའི་ལོ་ཆུང་སྦྱོང་བརྡར་ལྟེ་གནས་བཙུགས་ཏེ་ཕྲུ་གུ་ཚོ་ས་ཐག་རིང་པོར་འགྲོ་མ་དགོས་པར་ཐག་ཉེ་ས་ནས་དངོས་གཞིའི་སྦྱོང་བརྡར་བྱ་རྒྱུ་བྱུང་ན་བསམ་གྱི་འདུག་ལ། སྲིད་གཞུང་དང་། ཁེ་ལས། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ཕུགས་ཕན་རོགས་སྐྱོར་གྱི་ལས་སྟེགས་ཤིག་བསྐྲུན་ནས་སྟོབས་ཤུགས་དེ་བས་མང་བ་བསྡུར་རུབ་བྱས་ཏེ་ས་མཐོའི་རྐང་རྩེད་སྤོ་ལོ་རྒྱག་མཁན་ལོ་ཆུང་དེ་དག་ལ་མཐུན་རྐྱེན་སྐྲུན་རྒྱུའི་རེ་བ་ཡོད”ཅེས་རྩལ་འཁྲིད་པ་ཚེ་རིང་སྟོབས་རྒྱལ་གྱིས་ལྷག་བསམ་རྣམ་དག་ངང་བཤད།
ལོ་ཆུང་གི་སེམས་སུ་ཕུགས་འདུན་ཡོད་ན་ས་མཐོར་གཞི་ནས་འོད་སྣང་འཕྲོ་ཐུབ། གངས་ལྗོངས་ཀྱི་རྐང་རྩེད་སྤོ་ལོ་རྒྱག་མཁན་ལོ་ཆུང་དེ་དག་ཉིན་ཞིག་ལ་དེ་བས་ཡངས་པའི་སྔོ་ལྗང་གི་འགྲན་ར་གྲུ་བཞིར་སླེབས་ནས་བོད་ཀྱི་རྐང་རྩེད་སྤོ་ལོར་དབང་བའི་ཟེར་བརྒྱ་འཕྲོ་ཐུབ་པའི་སྨོན་འདུན་ཞུ།
འབྲེལ་ཡོད་གསར་འགྱུར།