དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་སྐྱོད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-13

    འགྲོ་ལམ་གྱི་གནད་དོན་ནི་ཏང་གི་བྱ་གཞག་དར་རྒུད་རྒྱལ་ཕམ་དང་འབྲེལ་བའི་གནད་དོན་ཨང་དང་པོ་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག“ལོ་ངོ་105རིང་འབད་འཐབ་ལྷོད་མེད་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཡང་དག་འགྲོ་ལམ་བཏོད་ཡོད”ཅེས་གསུངས་ཡོད། ཡང་དག་པའི་འགྲོ་ལམ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེ་རེད། ཡང་དག་པའི་འགྲོ་ལམ་འཚོལ་རྒྱུ་ལས་སླ་པོ་ཞིག་མིན་ལ། འགྲོ་ལམ་འདིར་ཡག་པོ་སྐྱོད་པར་མི་རབས་ནས་མི་རབས་མང་པོས་རྒྱུན་འཁྱོངས་དང་འབད་འཐབ་བྱེད་དགོས་ཀྱི་ཡོད།

    ཁ་ཕྱོགས་ཀྱིས་འགྲོ་ལམ་ཐག་གཅོད་པ་དང་འགྲོ་ལམ་གྱིས་ལས་དབང་ཐག་གཅོད་བྱེད། མུན་ནག་རྗེས་ལུས་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག་ཡུན་རིང་གནས་པའི་བོད་རྙིང་པར་རི་ཆུས་བཅད་པ་དང་། ལས་རིགས་ཀུན་ཉམས་པ། རྒྱ་ཆེའི་ཞིང་བྲན་གྱིས་བཤུ་གཞོག་དང་གཉའ་གནོན་ཚད་མེད་མྱངས་པ། ལས་དབང་ལ་ཁ་ལོ་སྒྱུར་དབང་མེད་པ། འཚོ་བར་རེ་ལྟོས་བྱ་ཡུལ་སྤུ་ཙམ་ཡང་མེད་པ་བཅས་རེད། ཀྲུང་གོ་གུང་ཁྲན་ཏང་གིས་རི་ཀླུང་ཁྲི་སྟོང་བརྒལ་ནས་གངས་ལྗོངས་ས་མཐོར་བསྐྱོད་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་ནས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ནམ་ཡང་བསྒྲལ་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་ཐོག་བསྐྱོད་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75སོང་རིང་གི་ལག་ལེན་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་མཐའ་འཁྱོངས་བྱས་ཚེ་གཞི་ནས་བོད་ཡུན་རིང་བདེ་འཁོད་དང་དར་རྒྱས་གོང་འཕེལ་ཡོང་བར་རྩ་བའི་འགན་ལེན་ཐུབ་རྒྱུ་ཡིན་པ་ར་འཕྲོད་གང་ལེགས་བྱུང་ཡོད།

    ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་རམ་འོག རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གིས་མཛུབ་ཁྲིད་གནང་བའི་ཡང་དག་པའི་ཁ་ཕྱོགས་ལ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། ད་ཆ་བོད་དུ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་པ་དང་། དཔལ་འབྱོར་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བ་དང་མི་སེར་གྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད་ལ། སྐྱེ་ཁམས་ཀྱི་རྨང་གཞི་དེ་བས་མཛེས་སྡུག་ལྡན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་མངོན་བཞིན་ཡོད། མཐའ་བརྟན་མཐའ་དར་ལ་མུ་མཐུད་སྐུལ་འདེད་བཏང་བས་མཐའ་མཚམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་ཕྱིན་ཡོད། གངས་ལྗོངས་ས་མཐོར་འཕོ་འགྱུར་ཆེན་པོ་འདི་འདྲ་བྱུང་བ་ནི་རྒྱུ་རྐྱེན་གང་ཡང་མེད་པར་བྱུང་བ་ཞིག་མིན་པར་ལོ་བརྒྱ་ལྷག་ཙམ་རིང་ང་ཚོའི་ཏང་གིས་འོད་སྟོང་འཕྲོ་བའི་བྱ་གཞག་བཏོད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། བསྙོན་དུ་མེད་པའི་དོན་དངོས་ལས། ཏང་གི་འགོ་ཁྲིད་ནི་བོད་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་རྟིང་ཤུགས་ཆེ་ཤོས་དང་ཆེས་རྩ་བའི་འགན་ལེན་ཞིག་ཡིན་པ་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དེ་ཉིད་བོད་ཀྱི་དོན་དངོས་དང་རྦད་དེ་མཐུན་པ་དང་བོད་ཀྱི་མི་སེར་ལ་ཕན་འདོགས་པ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་སྐྱོད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་ཡངས་ཤིང་རྒྱ་ཆེ་བའི་དུས་རབས་ཀྱི་གར་སྟེགས་དང་། ཧ་ཅང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་ནང་དོན་ཞིབ་ཆ། ཧ་ཅང་ཆེ་བའི་མདུན་སྐྱོད་ཀྱི་ངེས་ཤུགས་བཅས་ལྡན་ཡོད”ཅེས་ནན་བཤད་གནང་ཡོད། ཡང་དག་པའི་འགྲོ་ལམ་ལ་བསྐྱོད་པར་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ལ་ཐུན་མོང་འབད་འཐབ་ཀྱི་ཁ་ཕྱོགས་རྙེད་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་གྲུབ་འབྲས་རླབས་པོ་ཆེའི་ཁྲོད་ནས་གདེང་ཚོད་དང་སྟོབས་ཤུགས་སྐྱེད་པར་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བློ་སྟོབས་ཆེན་པོས་མདུན་སྐྱོད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བོད་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ལེགས་སྐྱེས་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།