ཐེན་ཅིན་གྱིས་གསར་བརྗེའི་རིག་གནས་བརྒྱུད་སྤེལ་དང་མི་སྐྱོང་ཁོར་ཡུག་བཏོད་པ།
རྒྱལ་གཅེས་བརྩེ་བ་ལེགས་པར་བསྐྱངས། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད།
2024ལོའི་ཟླ་2པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེན་ཅིན་གྱི་ཕིང་ཅིན་གཡུལ་འགྱེད་དྲན་གསོ་ཁང་དུ་རྟོག་ཞིབ་གནང་སྐབས། “ཀྲུང་གོའི་གསར་བརྗེའི་དམག་འཁྲུག་གི་ལོ་རྒྱུས་རྟག་ཏུ་སློབ་སྦྱོང་བྱས་ནས། ཐོབ་པར་དཀའ་བའི་གསར་བརྗེའི་བྱ་གཞག་ལ་གཅེས་འཛིན་དང་། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཅས་བྱས་ཏེ། མདུན་སྐྱོད་ལམ་བུའི་ཐོག་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་ཕོད་པ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
ཐེན་ཅིན་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཤིང་། གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱོད་པ་དང་གསོན་ཤུགས་འཕེལ་བར་སྤྱི་འདོམས་བྱས་ཏེ། ས་ཁོངས་ཡོངས་ལ་ཁྱབ་པའི་གསར་བརྗེའི་རིག་གནས་བརྒྱུད་སྤེལ་དང་མི་སྐྱོང་ཁོར་ཡུག་ཧུར་ཐག་བཏོད་ནས། གསར་བརྗེའི་སྙིང་སྟོབས་གཅིག་རྒྱུན་གཅིག་འཛིན་བྱས་པ་རེད།
ཐོན་ཁུངས་སྲུང་སྐྱོང་དང་སྔོག་འདོན་བྱས་ཏེ་གསར་རྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱས་པ།
ཕིང་ཅིན་གཡུལ་འགྱེད་དྲན་གསོ་ཁང་གི་འགྲེམས་ཁང་དུ་འགྲེམས་དངོས་རེ་རེ་དང་དཔྱད་གཞིའི་པར་རིས་རེ་རེ་ལས་ཕིང་ཅིན་གཡུལ་འགྱེད་སྐབས་ཀྱི་དམག་དམངས་བར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་གསོན་ཉམས་དོད་པོས་མངོན་ཡོད།
དུས་ཡུན་ཧ་ཅང་རིང་པོ་སོང་བ་དང་དཔྱད་གཞིའི་ཡིག་ཆ་དཀོན་པའི་དབང་གིས་ཉིན་64ཡི་ཕིང་ཅིན་གཡུལ་འགྱེད་ཁྲོད་ཀྱི་སྔོན་གཤེགས་དཔའ་བོ་མི་ཉུང་བ་ཞིག་གི་ཆ་འཕྲིན་ཁ་གསལ་པོ་མེད། “1997ལོར་དྲན་གསོ་ཁང་བཙུགས་ཚུན། ང་ཚོས་ལོ་ལྟར་སྤྱི་ཚོགས་ལས་རིགས་ཁག་ལ་ཕྱོགས་ཏེ་སྔོན་གཤེགས་དཔའ་བོའི་ཁུངས་སྣེ་དང་དཔྱད་གཞི་བསྡུ་རུབ་བྱེད་ཀྱི་ཡོད། ད་ལོའི་དྭངས་གསལ་དུས་ཚིགས་འཆར་ཉེའི་སྐབས་སུ། གསར་དུ་གཏན་འཁེལ་བྱུང་བའི་སྔོན་གཤེགས་དཔའ་བོ་3གྱི་མཚན་གསབ་བརྐོས་བྱས་པ་རེད”ཅེས་ཕིང་ཅིན་གཡུལ་འགྱེད་དྲན་གསོ་ཁང་གི་ཀོན་ཀྲང་ཡའོ་ཅན་པོ་ཡིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། དྲན་གསོ་ཁང་བཙུགས་མ་ཐག་པའི་སྐབས་སུ། གྱང་ལྡེབས་སུ་སྔོན་གཤེགས་དཔའ་བོ་6639ཡི་མཚན་བརྐོས་ཡོད་པ་དང་། ལོ་29ཡི་རིང་འདྲི་རྩད་དང་རྩད་གཅོད་བྱས་པ་བརྒྱུད། སྔོན་གཤེགས་དཔའ་བོ་272ཀྱི་མཚན་དང་ཐེམ་ཁུངས་གསར་དུ་གཏན་འཁེལ་བྱུང་སྟེ་གྱང་ལྡེབས་སུ་གསབ་བརྐོས་བྱས་ཡོད་ཅེས་བརྗོད།
ཁང་སློབ་མཉམ་འདྲེས་གཏིང་ཟབ་བྱས་ཏེ“བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོའི”འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།
“ཀྲུང་ཧྭ་དར་ཞིང་རྒྱས་པའི་དུས་སུ་མཉམ་འཛོམས་ཡོང་བར་སྨོན”ཞེས་གཞོན་ནུའི་དུས་ཀྱི་ཀྲོའུ་ཨེན་ལའེ་འཁྲབ་མཁན་གྱིས་གར་སྟེགས་ཐོག་སྐད་གསང་མཐོན་པོས་དེ་སྐད་བསྒྲགས་པ་དང་བསྟུན། གར་སྟེགས་གཤམ་གྱི་་ལྟད་མོ་བ་མི་ཉུང་བ་ཞིག་གི་མིག་ལ་མཆི་ཞག་འཁོར། ད་ལོའི་ཟླ་དང་པོར། ནན་ཁའེ་སློབ་ཆེན་གྱི་དགེ་སློབ་ཀྱིས་ཀྲོའུ་ཨེན་ལའེ་དང་ཏེང་ཡིང་ཁྲའོ་དྲན་གསོ་ཁང་དང་ཕིང་ཅིན་གཡུལ་འགྱེད་དྲན་གསོ་ཁང་གི་གསལ་འགྲེལ་པ་དང་མཉམ་དུ། སློབ་གྲྭའི་ལོ་རྒྱུས་ཁང་དུ་དབྱིངས་ཞུགས་རྣམ་པའི་གཏམ་བརྗོད་ཟློས་གར《ཀྲོའུ་ཨེན་ལའེ་ནན་ཁའེ་རུ་ལོག་པ》ཞེས་པ་འཁྲབ་སྟོན་བྱས་ཤིང་། གཏམ་བརྗོད་ཟློས་གར་དེའི་ནང་གཞོན་ནུའི་དུས་ཀྱི་ཀྲའོ་ཨན་ལའེ་འཁྲབ་མཁན་ཏེ་ནན་ཁའེ་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ལུང་ཤའོ་ཡིས“ཚོད་ལྟ་ཁང་ནས་ཐོན་ཏེ་གར་སྟེགས་ཐོག་འཛེགས་རྗེས། ངས‘ཀྲུང་ཧྭ་དར་རྒྱས་ཐུབ་ཆེད་སློབ་ལ་གཞོལ’ཞེས་པའི་དོན་སྙིང་གཞི་ནས་ཟབ་མོ་ཚོར་བྱུང”ཞེས་བརྗོད།
ལོ་རྒྱུས་སེམས་ལ་བརྟན་པོར་ངེས་ནས་མདུན་སྐྱོད་ལམ་དུ་ཤར་རེར་སྐྱོད། ཐེན་ཅིན་གྲོང་ཁྱེར་སློབ་གསོ་ཁོངས་གཏོགས་ཀྱིས་རིག་རྫས་ཚན་པ་དང་མཉམ་དུ། ཞིབ་སློབ་ལག་ལེན་རྟེན་གཞི་223ལ་སྒོ་བྱང་བཀལ་ཞིང་། རིག་རྫས་ཁང་80དང་སྤོ་མི་རུང་བའི་གསར་བརྗེའི་ཐོན་ཁུངས་ཁག་173སློབ་གྲྭ་འབྲིང་ཆུང་དང་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་མ་ལག་ནང་བཅུག་སྟེ། སློབ་གྲྭའི་གཞུང་ལུགས་སློབ་ཁྲིད་དང་འགྲེམས་ཁང་གི་དངོས་ལྗོངས་ཟུང་དུ་འབྲེལ་བའི་གཞི་གཅིག་ཅན་གྱི་མི་སྐྱོང་རྣམ་པ་བཏོད་ཡོད་པ་རེད།
གསར་བརྗེའི་རིག་གནས་དེ་འགྲེམས་ཁང་གི་བཀག་རྒྱ་ལས་གྲོལ་ཏེ་རྒྱལ་ཡོངས་དང་འཛམ་གླིང་དང་འབྲེལ་མཐུད་བྱས་ཤིང་། “ང་ཚོས་གཙོ་གནད་ཐོག་བཏོད་པའི‘སྐོར་སྐྱོད་རྣམ་པའི་བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོ’སྔ་རྗེས་སུ་པེ་ཅིང་དང་། ཧོ་པེ། བོད་ལྗོངས། ཤིན་ཅང་། ཤང་ཀང་། ཨའོ་མོན་སོགས་སུ་འཚོགས་ཏེ། ཆེད་དོན་འགྲེམས་སྟོན་དང་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་སོགས་ཀྱི་བྱེད་སྒོ་སྤེལ་ཡོད”ཅེས་ཀྲོའུ་ཨེན་ལའེ་དང་ཏེང་ཡིང་ཁྲའོ་དྲན་གསོ་ཁང་གི་ཀོན་ཀྲང་ཀྲང་ཚའེ་ཤིན་གྱིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། དྲན་གསོ་ཁང་གིས་ད་དུང་ཧིན་རྡུ་ཉི་ཞི་ཡར་ཆེད་དོན་འགྲེམས་སྟོན་དང་ས་གནས་དེ་གའི་ཁུང་ཙི་སློབ་གླིང་དུ་སྐོར་སྐྱོད་འགྲེམས་སྟོན་བྱས་པ་དང་། ཧྥ་རན་སེར“ཀྲོའུ་ཨེན་ལའེ་དང་ཧྥ་རན་སེ”ཞེས་པའི་དམིཌ་བསལ་འགྲེམས་སྟོན་སོགས་བྱས་པ་ཡིན་ཞེས་བརྗོད།
རྣམ་པ་དང་གཞི་རྟེན་རྒྱུན་ཆད་མེད་པར་གསར་དུ་བཏོད་དེ་སྔོན་བྱོན་མེས་པོའི་གཏམ་རྒྱུད་དེ་བས་མང་བ་མཐོང་ཐོས་མྱོང་རེག་ཐུབ་པར་བྱས་པ།
ཟླ་7པའི་ཟླ་འགོར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོའི་དཔེ་སྟོན་རྟེན་གཞི་ཁག་གཅིག་ལ་གསར་དུ་མིང་བཏགས་ཤིང་། དེའི་ནང་ཅི་ཧུང་ཁྲང་གི་བཞུགས་གནས་རྙིང་པ་ཚུད་ཡོད། ས་གནས་དེར“ཅི་ཧུང་ཁྲང་སྐུ་ཚེ་གང་པོའི་ལོ་རྒྱུས་འགྲེམས་སྟོན”གྱི་འགྲེམས་ཁང་10དང་ལྗོངས་རྣམ་ཁག་6སླར་གསོ་བྱས་པར་བརྟེན་ནས། དམག་དཔོན་ཆེ་མོ་ཅི་ཧུང་ཁྲང་གི་གསར་བརྗེའི་ལོ་ཟླ་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། ད་ལོའི་ཟླ་3པར། ཅི་ཧུང་ཁྲང་གི་བཞུགས་གནས་རྙིང་པས་དབྱིངས་ཞུགས་རྣམ་པའི་འགྲེམས་འཁྲབ《རྒྱལ་ཁབ་ཀྱི་བླ་སྲོག》ཅེས་པ་བཏོན་ནས། མཐོང་ཐོས་མྱོང་རེག་ཐུབ་པའི་སློབ་གསོའི་ལྗོངས་རྣམ་བཏོད་ཡོད་པ་རེད།
མིག་སྔར། ཐེན་ཅིན་གྲོང་ཁྱེར་ཡོངས་སུ་གསར་བརྗེའི་ཐོན་ཁུངས་ཁག་392ཡོད་ཅིང་། ཐེན་ཅིན་གྱིས་ཚབ་མཚོན་རང་བཞིན་ལྡན་པའི་གསར་བརྗེའི་ཐོན་ཁུངས་གལ་ཆེན་གཅིག་ལ་གཅིག་འབྲེལ་བྱས་ཏེ། མྱོང་རོལ་ལམ་ཐིག་6བཟོས་ནས་ལོ་ལྟར་ཡུལ་སྐོར་བ་མི་ཐེངས་ཁྲི་1700ལྷག་ཙམ་གྱི་ཡིད་དབང་འགུག་གི་ཡོད། བརྗོད་དོན་གཙོ་བའི་འགྲེམས་སྟོན་སྣ་ཚོགས་500ལྷག་ཙམ་བྱས་པར། ལོ་ལྟར་ལྟ་སྐོར་ལ་ཡོང་མཁན་མི་ཐེངས་ཁྲི་1600ལྷག་ཙམ་ཟིན་གྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།