དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ལ་སྲུང་སྐྱོང་ཡག་པོ་བྱེད་པ།

    —— ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་ཀྱི་མཚོ་སྔོན་གྱི་བཅར་འདྲིའི་མཐོང་ཐོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཅིན་ཤིན། ཅང་མོང་།   |     སྤེལ་དུས།  2026-08-12

    མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་གི་བཙུན་མོ་སྒང་མཛེས་ལྗོངས་ཁུལ་ཡིན་པ།

    མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ཁུ་ཁུ་ཤིས་རི་སྲུང་སྐྱོང་ཁུལ་གྱི་གཙོད་ཕྲུག་ཡིན་པ།

    མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གི་དོལ་ཐང་འོད་ཤུགས་ཐོན་ལས་གླིང་ཡིན་པ།

    མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ས་གྲུ་བཞི་ཤང་གི་བྱེ་བཅོས་ལོ་རྒྱུས་འགྲེམས་སྟོན་ཁང་དུ་དེ་སྔ་བྱེ་བཅོས་ལ་ཞུགས་མཁན་རྒན་ཡོལ་ཞུས་པའི་ལས་བྱེད་པས་བྱེ་བཅོས་ལོ་རྒྱུས་བརྗོད་བཞིན་པ།

    རྒྱལ་ཁབ་ཀྱི་བཅའ་ཁྲིམས་དོན་འཁྱོལ་ཧུར་ཐག་བྱས་ནས་སྐྱེ་ཁམས་སྲུང་བཅད་བརྟན་དུ་བཏང་བ།

    ཟླ་7ཚེས་23ཉིན། ལི་ཅ་ཞ་ཆུ་ཤུགས་གློག་ཁང་གི་ལས་དོན་མི་སྣས་ཉ་ཕྲུག་རིགས་མི་འདྲ་བ་མང་པོ་ཆུ་ཟོམ་རེ་རེ་བྱས་ནས་མ་ཡུམ་གཙང་པོར་གློད་ཡོད་པ་རེད།

    “རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་ནི་2022ལོའི་ཟླ་10པར་གྲོས་འཆམ་བྱུང་ཞིང་། དེའི་ནང་ཉ་རིགས་སོགས་ཆུ་སྐྱེས་སྐྱེ་དངོས་ཕྱིར་རྒྱུ་བར་འགོག་རྐྱེན་བཟོ་བའི་ཆུ་འབྲེལ་ལས་གྲྭའི་རིགས་ལ། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཉ་ལམ་བཟོ་བ་དང་། ཆུ་བོ་དང་མཚེའུ་སྦྲེལ་མཐུད། སྐྱེ་འཕེལ་གློད་གཏོང་། མི་ཐབས་གསོ་སྤེལ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཆུ་སྐྱེས་སྐྱེ་དངོས་ཀྱི་སྐྱེ་ཁམས་དགོས་མཁོ་སྐོང་དགོས”ཞེས་ཁ་གསལ་བཏོན་པ་དང་། བཅའ་ཁྲིམས་ལ་གྲོས་འཆམ་བྱུང་སྐབས་གློག་ཁང་གི་འཕྲུལ་ཚན་ལྔ་པ་འཛུགས་སྐྲུན་བྱེད་སྒང་ཡིན་པས། རགས་ཆེན་གློག་ཁང་གིས་ཉ་རིགས་ཕྱིར་རྒྱུ་བར་འགོག་རྐྱེན་བཟོ་མི་ཡོང་ངམ་བསམས་ནས་བཅའ་ཁྲིམས་འདིའི་བླང་བྱ་ལྟར། གློག་ཁང་རྒྱས་སྐྲུན་བྱེད་པ་དང་དུས་མཚུངས། ཉ་རིགས་གསོ་སྤེལ་ས་ཚིགས་ཀྱང་མཉམ་དུ་བསྐྲུན་ཏེ། ཕྱིས་སུ་སྐྱེ་འཕེལ་གློད་གཏོང་གི་ཉ་རིགས་སྲུང་སྐྱོང་གསོ་སྤེལ་བྱེད་ཀྱི་ཡོད་ཅེས་ལི་ཅ་ཞ་གློག་ཁང་གི་ཉ་རིགས་སྐྱེ་འཕེལ་ས་ཚིགས་རྣམ་གྲངས་ཀྱི་ཅིང་ལི་ཞུས་ཧྭ་ཅན་གྱིས་ངོ་སྤྲོད་བྱས།

    གསོ་སྤེལ་ས་ཚིགས་ཀྱི་གསོ་སྐྱོང་བྱེད་སར་ཁ་ཞེང་ལ་སྨི་གཉིས་ལྷག་ཡོད་པའི་རྫ་མ་སྔོན་པོ་བཅུ་ཕྲག་ཁ་ཤས་གྲལ་སྟར་བསྒྲིགས་པའི་ནང་ཆུ་བླུགས་ནས་ཉ་ཕྲུག་གསོས་ཡོད་པ་རེད། ཞུས་ཧྭ་ཅན་གྱིས། 2024ལོ་ནས་དངོས་སུ་འཁོར་སྐྱོད་བྱས་ཚུན། སྐྱེ་འཕེལ་ས་ཚིགས་དེས་རིམ་རྩིས་བྱས་ན་རྨ་ཆུར་ཉ་རིགས་ཁྲི་43གློད་ཡོད། “སྐྱེ་འཕེལ་ས་ཚིགས་ཕུད། གློག་ཁང་གིས་ད་དུང་ཉ་རིགས་སྡེབ་འདྲེན་མ་ལག་ཀྱང་བསྐྲུན་ནས་ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་དེ། རགས་ཆེན་གྱིས་བཀག་པའི་ཉ་རིགས་ཚང་མ་གང་སར་རྒྱུ་ཐུབ་པར་བྱས་ཏེ་རྨ་ཆུའི་ཆུ་སྐྱེས་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།

    2022ལོའི་ཟླ་12པར། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་སོགས་ཀྱིས《རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་ཇུས་ཇུས་གཞི》མཉམ་དུ་བཀྲམ་ནས་རྒྱལ་ཁབ་སྤྱི་གླིང་འོས་འདེམས་ཁུལ་49བདམས་པའི་ནང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འོས་འདེམས་ཁུལ་ཡང་ཚུད་ཡོད་པ་རེད།

    མཚོ་སྔོན་པོ་མཛེས་ལྗོངས་དོ་དམ་ཅུས་ཚན་རྩལ་མཉམ་ལས་དྲིལ་བསྒྲགས་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ཚེ་རིང་རྒྱལ་གྱིས། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་ལས་དོན་སྤེལ་ཚུན་དུ། ལས་འགན་ཁག་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། ལྷག་པར་ཏུ་རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་རྗེས། མཚོ་སྔོན་གྱིས“སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་དང་། སྲུང་སྐྱོང་དང་འཕེལ་རྒྱས་ལ་སྤྱི་འདོམས་མཐའ་འཁྱོངས”དང་། “རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་དམངས་ཡོངས་ཀྱི་སྤྱི་ཕན་རང་བཞིན་མཐའ་འཁྱོངས” “ཡུལ་བབ་དང་བསྟུན་པ་དང་། ཁྱད་ཆོས་མངོན་གསལ་དོད་པ། སྲིད་གཞུང་གིས་གཙོ་ཁྲིད་དང་། ཕྱོགས་མང་པོ་ཞུགས་པ། སྤྱི་ཚོགས་ཀྱིས་མཉམ་སྤྱོད་བཅས་ཀྱི་ལམ་སྲོལ་འཛུགས་པ”སོགས་ཀྱི་བཅའ་ཁྲིམས་ཀྱི་བླང་བྱ་དང་གཅིག་གྱུར་རིམ་དབྱེ་དོ་དམ་དང་། འཆར་འགོད་དོ་དམ་ཚོད་འཛིན། སྤྱོད་སྒོ་དོ་དམ་སོགས་ཀྱི་ལམ་ལུགས་ཇུས་འགོད་ལ་ཞིབ་བསྡུར་ནན་པོ་བྱས་ཁར། ཇུས་གཞི་བཟོ་བ་དང་སྤྱིའི་འཆར་འགོད་སོགས་དང་ཡང་ཡང་བསྡུར་བ་དང་དེ་ནས་འཐུས་སྒོ་ཚང་དུ་བཏང་ནས་ལྟེ་བའི་སྲུང་སྐྱོང་ཁུལ་དང་སྤྱིར་བཏང་ཚོད་འཛིན་ཁུལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་འབྱེད་གཏན་འཁེལ་བྱས་ཏེ། སྐྱེ་ཁམས་གནས་སྤོས་ཡུལ་མི་དང་། རྩྭ་ས་སླར་གསོ། སྒྲིག་སྲོལ་མཐུན་སྦྱོར་སོགས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    “གསར་གཏོད་ལས་དོན་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་གསལ་པོ་ཡོད་པས་ང་ཚོས་ནུས་ཤུགས་ཡོད་རྒུས་གདོང་མཆོང་བྱས་ཏེ་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་སྔ་ཙམ་འཛུགས་ཐུབ་པའི་བརྩོན་ལེན་བྱེད་བཞིན་ཡོད”ཅེས་ཚེ་རིང་རྒྱལ་གྱིས་བརྗོད།

    ས་གནས་ཀྱི་ཁྲིམས་འཛུགས་ནུས་པ་འདོན་སྤེལ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ལ་ཆུ་ཚད་མཐོ་པོས་སྐུལ་འདེད་བཏང་བ།

    “《ཟི་ལིང་གྲོང་ཁྱེར་གྱི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་དོ་དམ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཞེས་བསྡུ་རྒྱུ)བཟོས་པ་དེས་སྔོ་ལྗང་གི་ས་ཆ་དེར་བཅའ་ཁྲིམས་ཀྱི་འགན་སྲུང་བརྟན་པོ་བྱུང་ཡོད”ཅེས་ཟི་ལིང་གྲོང་ཁྱེར་ལྷོ་རི་བྱང་རི་སྔོ་འགྱུར་བཀོད་འདོམས་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཐའོ་ཅིང་གིས་ངོ་སྤྲོད་བྱས་ཤིང་། 《སྲོལ་ཡིག》དེ་1990ལོར་བཏོན་པ་དང་། 2014ལོ་དང་2021ལོར་བཟོ་བཅོས་གལ་ཆེན་ཐེངས་གཉིས་བརྒྱབ་པས་དུས་བབ་གསར་པ་དང་འཚམ་པ་བྱུང་ཡོད།

    ཐའོ་ཅིང་གིས། སྔོན་མ་ལྷོ་རི་བྱང་རིར“སྲུང་སྐྱོང”གཙོ་བོར་བཟུང་བས་གྲོང་མི་རི་སྟེང་ལ་རྐང་ཐང་དུ་སྐྱོད་ཆོག་གི་ཡོད་མོད། འོན་ཀྱང་ཚོང་ལས་གཉེར་ཆོག་གི་མེད། 2021ལོར་བཟོ་བཅོས་བརྒྱབ་རྗེས་ཀྱི《སྲོལ་ཡིག》ནང་། “སྲུང་སྐྱོང་སྔོན་ལ་འཇོག་པ་དང་བེད་སྤྱོད་ལུགས་མཐུན་བྱེད་པའི”རྩ་དོན་ཁ་གསལ་བཟོས་ནས་རིག་གནས་ཡུལ་སྐོར་བྱེད་སྒོ་དང་། རང་བྱུང་སློབ་གསོ། ཕྱི་རོལ་ལུས་རྩལ་བཅས་ལ་ལམ་ལུགས་ཀྱི་བར་མཐོངས་བཞག་ཡོད། ད་ཆ་ལྷོ་རི་བྱང་རིར་རྐང་འཁོར་འགྲན་བསྡུར་སྐབས་གཉིས་བསྟུད་མར་གཉེར་བ་དང་རིག་གནས་ཡུལ་སྐོར་ཅུས་དང་ལུས་རྩལ་ཅུས་ཀྱིས་རྐང་ཐང་བྱེད་སྒོ་མཉམ་དུ་སྤེལ་ཡོད་ཅེས་ངོ་སྤྲོད་བྱས།

    མཚོ་སྔོན་ཞིང་ཆེན་ལྷོ་རི་བྱང་རི་སྔོ་འགྱུར་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཁྲོང་ཅུས་ཀྱིས། ད་ཆ་ལྷོ་རི་བྱང་རི་དེ་མི་ཐེངས་ཁྲི་200ཙམ་ལ་སྣེ་ལེན་ཞུ་སའི་ཕྱི་རོལ་གྱི་རང་བྱུང་ཉམས་ལེན་བྱ་ཡུལ་ཞིག་ཏུ་གྱུར་ནས་ཁེ་བཟང་བརྟན་པོ་ཡོང་བཟོ་ཡོད་པས། སྤྱི་ཚོགས་ཀྱི་མ་དངུལ་ཡང་སྲུང་སྐྱོང་ལས་དོན་ཐད་གཏོང་འདོད་ཡོད་ཅེས་ངོ་སྤྲོད་བྱས། ཉེ་བའི་ལོ་ཤས་རིང་། ལྷོ་རི་བྱང་རིའི་སྔོ་འགྱུར་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར་24ཙམ་བཏང་བའི་ཁྲོད་ཀྱི་མི་ཉུང་བ་ཞིག་སྤྱི་ཚོགས་ཀྱི་མ་དངུལ་ཡིན་པ་རེད།

    ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྱིས་རྒྱུན་མཐུད་མཁོ་འདོན་བྱས་པའི“ཚད་གཞི་གསལ་པོ”ཡོད་པས་སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་རྒྱུན་མཐུད་གཅིག་ཏུ་བསྡུས་ནས་རི་རྒོད་སྔོ་ལྗང་དུ་གྱུར་བ་དེ་གྲོང་ཁྱེར་གྱི“གློ་བ”ལྟ་བུར་འགྱུར་རྒྱུ་རེད།

    “ད་ལོའི་ལོ་འགོར་མཚོ་ལྷོ་ཀྲོའུ་ཡིས《ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་སྲོལ་ཡིག》བཟོས་ནས་ལག་བསྟར་བྱས་པ་དེ་ནི་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་དམིགས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་རེད། དེ་གོང་འཚོལ་ཞིབ་བྱས་པའི་ཉམས་མྱོང་མང་པོ་ཕྱོགས་སྡོམ་བརྟན་པོ་བྱས་ཡོད”ཅེས་མཚོ་ལྷོ་ཀྲོའུ་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱི་འགན་འཁུར་བས་བརྗོད།

    སྲོལ་ཡིག་དེའི་ནང་། ཐོན་ལས་འཆར་འགོད་དང་། རྣམ་གྲངས་བཀོད་སྒྲིག སྤྱོད་ས་འགན་སྲུང་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་གཏན་འབེབས་ཁ་གསལ་བྱས་ཡོད། ལྷག་པར་དུ“ཐོན་ལས་འཕེལ་རྒྱས་དང་། སྐྱེ་ཁམས་སླར་གསོ། དམངས་འཚོ་ལེགས་གཏོང་བཅས་གཞི་གཅིག་ཏུ་འདུས་པའི་འོད་ཤུགས་བྱེ་བཅོས་བྱེད་སྟངས་ཁྱབ་གདལ་བེད་སྤྱོད་གཏོང་རྒྱུ”དང་། “བྱེ་ཐང་དང་། གྲམ་ཐང་། ས་རྒོད་བཅས་གཙོ་གནད་དུ་བྱས་པའི་རླུང་གློག་དང་། འོད་ཤུགས་རྟེན་གཞི་དང་། འོད་ཤུགས་བྱེ་བཅོས་ཀྱི་སྐྱེ་ཁམས་སླར་གསོ། འོད་ཤུགས་ཀྱི་སྐྱེ་ཁམས་འབྲོག་ལས་ཐོན་ལས་འཕེལ་རྒྱས་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་ཐང་རྒོད་ཅན་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི”བླང་བྱ་ཁ་གསལ་བཏོན་པ་ལས“ཤེལ་ལེབ་ནས་གློག་གཏོང་བ་དང་ཤེལ་ལེབ་འོག་སླར་གསོ་བྱེད་པའི”ཐོན་ལས་འཕེལ་རྒྱས་གཏོང་སྟངས་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཁ་གསལ་བྱུང་བ་མ་ཟད། མ་འཇོག་ཁེ་ལས་ཁག་བློ་བདེ་པོ་ཡོང་བར་བྱས་ཡོད།

    “སྲོལ་ཡིག་ལག་བསྟར་བྱས་རྗེས་སྡེ་ཚན་གྱི་འགན་འཁྲི་དེ་བས་ཁ་གསལ་དང་ཞིབ་མཆན་འགོད་པའི་བརྒྱུད་རིམ་དེ་བས་སྟབས་བདེ་བྱུང་བས། འབྱུང་འགྱུར་གྱི་འཕེལ་རྒྱས་ལ་གདེང་ཚོད་དེ་བས་ཆེན་པོ་ཡོད”ཅེས་མཚོ་ལྷོ་ཀྲོའུ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཐ་ཡིས་བཤད།

    རྡུང་རྡེག་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྲུང་སྐྱོང་ཧུར་ཐག་བྱས་པ།

    གཅན་ཚ་རྫོང་གི་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དུ་ས་འཛིན་གྱི་མུ་ཁྱུད་རིམ་པ་སྟར་ཆགས་སུ་གནས་ཤིང་། རྩ་རྩི་ཤིང་སྟུག་པས་གནས་དེར་རྩ་ཆེའི་རི་སྐྱེས་སྲོག་ཆགས་མང་པོ་འཚོ་སྡོད་བྱེད་ཀྱི་ཡོད་ལ་ཁྲིམས་འགལ་གྱི་རྔོན་རྒྱག་མཁན་ཡང་སླེབས་ཡོད།

    “ན་ནིང་གི་དགོང་མོ་ཞིག་ལ་ང་ཚོས་དོགས་ཡོད་མི་སྣ་ནགས་ཁུལ་དུ་བསྐྱོད་པ་མཐོང་བྱུང”ཞེས་གཅན་ཚ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་ཅང་གོ་ཡན་གྱིས་དྲན་གསོ་བྱེད་བཞིན་དུ་བཤད། སྤྱི་གླིང་དུ་སྐྱེ་ཁམས་བདག་སྐྱོང་བ་དང་། གློག་མིག དམར་ཕྱིའི་པར་ཆས་སོགས་ལས་གྲུབ་པའི་ཕྱོགས་བསྡུས་འགོག་སྲུང་དྲ་བ་ཞིག་བཙུགས་ཡོད། “ང་ཚོས་ནགས་གསེབ་ནས་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་རྔོན་རྒྱག་མཁན་བཟུང་བ་ཡིན། ང་ཚོས་ས་ཡུལ་དངོས་ནས་རྔོན་བརྒྱབ་པའི་རི་སྐྱེས་སྲོག་ཆགས་དང་རྒྱ་རྙི་རྩད་ཆོད་ཐུབ་བྱུང”ཞེས་འཛིན་བཟུང་བྱ་སྤྱོད་ནང་ཞུགས་མཁན་བདག་སྐྱོང་བ་ཞིག་གིས་བཤད།

    “སྔོན་ཆད་མི་ཁོ་ནར་བརྟེན་དགོས་པ་དང་ད་ཆ་ཚན་རྩལ་ལ་བརྟེན་པ་མ་ཟད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཡོད་པས་ང་ཚོའི་ཁྲིམས་སྒྱུར་གྱི་ནུས་པ་དེ་བས་ཆེ་རུ་ཕྱིན་སོང་། དཔང་རྟགས་གཏན་འཁེལ་བྱུང་རྗེས་གྱོད་གཞི་འཕྲལ་དུ་ནགས་ཚལ་སྤྱི་བདེར་རྩིས་སྤྲད་ནས་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་ཀྱི་ཡོད། ‘འགོག་སྲུང་དང་ལག་རྩལ་ཟུང་འབྲེལ’གྱི་སྲུང་སྐྱོང་དྲ་བ་ཚགས་དམ་དུ་བཏང་བས་ཁྲིམས་འགལ་ཉེས་ཅན་པ་ཟིལ་གྱིས་མནན་ཡོད”ཅེས་ཅང་གོ་ཡན་གྱིས་བཤད།

    མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་ཆི་ཅིང་ཐིང་གིས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་ལག་བསྟར་བྱེད་ཉེར་ཡོད་པས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཁྲིམས་སྐྱོང་གི་འགན་ལེན་དེ་བས་བརྟན་པོ་ཡོང་རྒྱུ་རེད་ཅེས་བཤད།

    མཚོ་སྔོན་གྱིས་ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་ནན་ཤོས་བསྟར་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་མུ་མཐུད་བརྟན་དུ་བཏང་སྟེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་རྩོམ་བཞིན་ཡོད།

    རྨ་ཆུ་སྔོན་མོ་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བརྒྱུད་ལི་ཅ་ཞ་ཆུ་མཛོད་དུ་སྔོ་ཐིང་ངེར་རྒྱུག་ཅིང་། ཆུ་མཛོད་དེའི་ངོགས་གཉིས་སུ་གནས་པའི་བྲག་དམར་མཛེས་ལྗོངས་ནི་དེ་གའི་སྔོ་ལྗང་ལྗོན་ཤིང་དང་བཀྲག་མདངས་འགྲན་པ་ལྟར་སྣང་། རགས་ཆེན་སྟེང་ནས་རྒྱང་ལྟ་བྱས་ཚེ་ཐག་མི་རིང་བའི་སར་ཁོར་ཡུག་སྲུང་སྐྱོང་གི་སྦྱར་ཡིག་འགའ་མཐོང་ཐུབ།

    མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ནི་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་དང་ཁ་འབྲལ་ཐབས་མེད། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་འདི་ལོའི་ཟླ་8ཚེས་15ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། ཉིན་ཤས་གོང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གིས་སྣེ་ཁྲིད་དེ་གཉེར་བའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་ཀྱི་2026ལོའི་དྲིལ་བསྒྲགས་བྱེད་སྒོ་མཚོ་སྔོན་དུ་སྤེལ་ཞིང་།

    ད་ལོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ལག་བསྟར་དོན་འཁྱོལ་བྱས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས”ཞེས་པ་དེ་རེད། གསར་འགོད་པས་ཟི་ལིང་གྲོང་ཁྱེར་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་སོགས་སུ་བཅར་འདྲི་བྱས་ནས། མཚོ་སྔོན་གྱིས་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ལ་སྲུང་སྐྱོང་བྱས་ཏེ“དྭངས་གཙང་རྨ་ཆུ་ཤར་དུ་རྒྱུག་པར”འགན་ལེན་ཇི་ལྟར་བྱས་པའི་བདེན་དཔང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།