དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “གལ་སྲིད་ཁོང་གིས་ད་ཆའི་ཀྲུང་གོ་མཐོང་ཚེ་དགའ་ཚོར་ཆེན་པོ་ཡོང་སྲིད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཁྲེ་པིན།   |     སྤེལ་དུས།  2026-08-12

    ཉེ་ཆར། “ཨའེ་ལིའི་སྙིང་སྟོབས་རྒྱུན་འཛིན་བྱེད། ཀྲུང་ནེའུ་མཛའ་མཐུན་ཟབ་ཏུ་གཏོང”ཞེས་པའི་བཞུགས་མོལ་ཚོགས་འདུ་དང“1979ལོའི་ཀྲུང་གོ་དང་ལུའུ་དབྱི·ཨའེ་ལིའི”པར་རིས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་ནེའུ་ཙི་ལན་གྱི་ཨོ་ཁེ་ལན་དུ་འཚོགས་ཤིང་། བྱེད་སྒོ་དེ་ནི་ནེའུ་ཙི་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་དང་། ནེའུ་ཙི་ལན་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱིས་མཉམ་དུ་གཉེར་བ་རེད། ལུའུ་དབྱི·ཨའེ་ལིའི་གཉེན་ཉེའི་འཐུས་མི་དང་དེ་བཞིན་ཀྲུང་གོ་དང་ནེའུ་ཙི་ལན་གྱི་ལས་རིགས་ཁག་གི་མཛའ་མཐུན་མི་སྣ་བྱེད་སྒོར་ཞུགས་པ་རེད།

    1927ལོར་ལོ་30ལ་སླེབས་པའི་ལུའུ་དབྱི·ཨའེ་ལི་ནེའུ་ཙི་ལན་ནས་ཀྲུང་གོར་འོང་ཞིང་། དེ་རྗེས་ཀྱི་ལོ་60ཡི་་རིང་། ཁོང་གིས་བཟོ་ལས་མཉམ་ལས་ཁང་གི་ལས་འགུལ་སྤེལ་བ་མ་ཟད། ཧྲན་ཏན་ཕེ་ལི་སློབ་གྲྭ་བཙུགས་ཏེ་ཚེ་གང་གི་སེམས་ནུས་ཡོད་རྒུ་ཀྲུང་གོའི་མི་རིགས་བཅིངས་འགྲོལ་དང་རྒྱལ་ཁབ་འཛུགས་སྐྲུན་གྱི་བྱ་གཞག་རླབས་པོ་ཆེར་བཏོན་པར་ཀྲུང་གོ་མི་དམངས་ཀྱི་བརྩི་བཀུར་དང་གུས་བཀུར་ཐོབ་ནས་ཀྲུང་གོ་དང་ནེའུ་ཙི་ལན་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་གྲོགས་ཀྱི་སྦྲེལ་ཟམ་བཙུགས་ཡོད།

    པར་རིས་འགྲེམས་སྟོན་གྱི་པར་ནི་ནེའུ་ཙི་ལན་གྱི་དངོས་མཚོན་གློག་བརྙན་གྱི་འཁྲབ་འཁྲིད་པ་དང་པར་རྒྱག་མཁས་ཅན་ཅེ་ཧྥུའུ་ལི·ཧྲི་ཏི་ཝུན་གྱིས་བརྒྱབ་པ་དང་། དེ་ནི་1979ལོར་ཅེ་ཧྥུའུ་ལི·ཧྲི་ཏི་ཝུན་དང་ལུའུ་དབྱི·ཨའེ་ལི་ཟླ་བ་གཉིས་ཙམ་རིང་མཉམ་དུ་ཀྲུང་གོའི་ས་ཆ་མང་པོར་སྐྱོད་སྐབས་བརྒྱབ་པའི་ལོ་རྒྱུས་ཀྱི་པར་རིས་རྩ་ཆེན་ཤ་སྟག་རེད། ཅེ་ཧྥུའུ་ལི·ཧྲི་ཏི་ཝུན་གྱིས“ལུའུ་དབྱི·ཨའེ་ལི་དང་མཉམ་དུ་སྐྱོད་པའི་མྱོང་ཚོར་ཟབ་ཤོས་ནི་ཁོང་གིས་ཀྲུང་གོར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ལ། ཀྲུང་གོའི་མི་དམངས་ཀྱིས་ཀྱང་ཁོང་ལ་སེམས་གཏིང་ནས་བརྩི་བཀུར་ཞུ་བ་དེ་ཡིན”ཞེས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད་པ་དང་། ཁོང་གིས“ང་རང་སླར་ཡང་ཀྲུང་གོར་ཡོང་ནས་དུས་རབས་གསར་པའི་ཀྲུང་གོའི་རྣམ་པ་གསར་རྐྱང་པར་ལེན་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བཤད།

    ནེའུ་ཙི་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཞའོ་ལུང་གིས། བཞུགས་མོལ་ཚོགས་འདུར་སང་ལོ་ནི་ལུའུ་དབྱི·ཨའེ་ལི་ཀྲུང་གོར་འབྱོར་ནས་ལོ་བརྒྱ་འཁོར་བའི་ལོ་ཡིན་པས། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་ནེའུ་ཙི་ལན་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱིས་ནེའུ་ཙི་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་གི་རྒྱབ་སྐྱོར་འོག དྲན་གསོའི་བྱེད་སྒོ་རབ་དང་རིམ་པ་མཉམ་དུ་གཉེར་རྒྱུ་རེད་ཅེས་བཤད་པ་དང་། ནེའུ་ཙི་ལན་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་དང་ནེའུ་ཙི་ལན་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཟུར་པ་ཏའེ་ཝུའེ·ཁཱ་ཐེ་ཡིས“ང་ཚོས་ལུའུ་དབྱི·ཨའེ་ལི་ཀྲུང་གོར་ཕེབས་ནས་ལོ་བརྒྱ་འཁོར་བར་དྲན་གསོ་ཞུ་བ་གོ་སྐབས་སུ་བྱས་ཏེ། ནེའུ་ཙི་ལན་དང་ཀྲུང་གོའི་དབར་གྱི་མཛའ་མཐུན་འབྲེལ་བ་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས། 2009ལོ་ནས་བཟུང་། ང་ཀྲུང་གོར་ཐེངས་མང་ཡོང་བ་ཡིན། གལ་སྲིད་ཁོང་གིས་ད་ཆའི་ཀྲུང་གོ་མཐོང་ཚེ་དགའ་ཚོར་ཆེན་པོ་ཡོང་སྲིད”ཅེས་བཤད།

    ནེའུ་ཙི་ལན་དུ་ཡོད་པའི་ཀྲུང་གོའི་ཚོང་པའི་སྤྲོ་སྐྱིད་ཁང་གི་ཀྲུའུ་ཞི་དབྱང་ཅན་གྱིས་ཀྲུང་གོར་འཚམས་འདྲི་བྱེད་པའི་ཚོགས་པ་ཐེངས་མང་སྒྲིག་འཛུགས་བྱས་ནས་ལུའུ་དབྱི·ཨའེ་ལིའི་རྗེས་ཤུལ་འཚོལ་མྱོང་ཡོད། དབྱང་ཅན་གྱིས“འཚམས་འདྲི་ཐེངས་མང་བྱས་པ་བརྒྱུད། ང་ཚོས་ལུའུ་དབྱི·ཨའེ་ལི་ཡིས་མིའི་རིགས་ཡོངས་བདེ་སྐྱིད་ཡོང་བར་གཞོལ་བའི་རྒྱལ་སྤྱིའི་རིང་ལུགས་ཀྱི་བརྩེ་སེམས་དང་། དྲང་གཞག་དྲང་བདེན་གྱི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་ལངས་པའི་བློ་སྟོབས། ཞི་བདེ་དོན་གཉེར་གྱི་དད་སེམས་བཅས་ཤེས་རྟོགས་བྱུང་། འགྱུར་ལྡོག་ཆེ་ཞིང་ས་འབྲེལ་གྱི་དུས་བབ་ཛ་དྲག་ཆེ་བའི་དུས་འདིར‘ལུའུ་དབྱི·ཨའེ་ལིའི་སྙིང་སྟོབས’ལ་དེ་བས་དུས་རབས་ཀྱི་དོན་སྙིང་ལྡན་ཡོད”ཅེས་བཤད།

    (འདི་ག་ཚགས་པར་ཁང་དུ་ནེའུ་ཙི་ལན་ཨོ་ཁེ་ལན་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།