པི་སི་ཁེག་གྲོང་ཁྱེར་གྱི་གད་སྙིགས་ཚན་རིག་དང་མཐུན་པའི་གཙང་སེལ་གྱི་གློག་གཏོང་རྣམ་གྲངས་ལས“སྙིགས་རོ་ནོར་བུར”གྱུར་པ།
“གྲོང་ཁྱེར་ལྗང་མདོག་འཕེལ་རྒྱས་ལ་ཡུན་རིང་གི་སྒུལ་ནུས་བསྣན་པ”

འདི་ནི་ཀྲུང་ཁེར་རྒྱལ་ཁབ་གཉིས་ཀྱི་གསར་འགོད་པས་རྣམ་གྲངས་ལག་བསྟར་བྱ་ཡུལ་དུ་བཅར་འདྲི་བྱེད་བཞིན་པ།

འདི་ནི་པི་སི་ཁེག་གྲོང་ཁྱེར་གྱི་གད་སྙིགས་ཚན་རིག་དང་མཐུན་པའི་གཙང་སེལ་གྱི་གློག་གཏོང་རྣམ་གྲངས་ལས་བཟོས(མདུན་གྱི་གཡས)རིག་ནུས་སྒྲིག་ཆས་སྤྱོད་བཞིན་པ།
ཉེ་ཆར། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་སྨྱན་སྦྱོར་གྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་ཁེར་གྷི་སི་ཐན་གྱི་རྒྱལ་ས་པི་སི་ཁེག་ཏུ་བྱེད་འགོ་ཚུགས་པ་རེད། ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱི་གསར་འགོད་པ་20ཙམ་པི་སི་ཁེག་གྲོང་ཁྱེར་གྱི་གད་སྙིགས་ཚན་རིག་དང་མཐུན་པའི་གཙང་སེལ་གྱི་གློག་གཏོང་རྣམ་གྲངས་ཁུལ་དུ་བསྐྱོད་དེ་འཚོ་བའི་གད་སྙིགས་གནོད་མེད་ཅན་གྱི་གཙང་སེལ་དང་ཐོན་ཁུངས་ཅན་གྱི་གློག་གཏོང་གི་བརྒྱུད་རིམ་ཧྲིལ་པོར་ཐག་ཉེ་ས་ནས་ལྟ་ཞིབ་བྱས་ནས་ཀྲུང་ཁེར་གྱི་ལྗང་མདོག་མཉམ་ལས་ཀྱིས་དམངས་འཚོར་ཕན་འདོགས་པའི་གསོན་ཉམས་དོད་པའི་ལག་ལེན་ལ་མྱོང་རོལ་བྱས་པ་རེད།
བཟོ་གྲྭ་ཡོངས་སྔོ་ལྗང་རྩི་ཤིང་གིས་བསྐོར་བ་དང་གཙང་སྦྲ་ཡང་ལེགས་པོ་ཡོད་པ་རེད། བཀོལ་སྤྱོད་འཁོར་ཁང་དུ་འཇུ་སོར་ཆེན་པོ་ཞིག་གིས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་དྲོད་ཚད་ཧྲེ་ཧྲི་ཏུའུ་1000ཙམ་ཟིན་པའི་མེ་ཐབ་ནང་བསྲེགས་ནས་ཐོན་པའི་རླངས་པས་རླངས་སྒུལ་འཕྲུལ་འཁོར་སྒུལ་ནས་གློག་གཏོང་ཐུབ་པར་བྱས་ཏེ“སྙིགས་རོ་ནོར་བུར་འགྱུར་བའི”ཐོན་ཁུངས་འཁོར་རྒྱུག་ཐུབ་པར་བྱས་ཡོད།
རྣམ་གྲངས་དེ་ཧུའུ་ནན་ཅུན་ཤིན་ཁོར་ཡུག་སྲུང་སྐྱོང་མ་རྐང་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྱི་ཅུན་ཤིན་ཁོར་ཡུག་སྲུང་སྐྱོང(ཁེར་གྷི་སི་ཐན)མ་འཇོག་ཚད་ཡོད་ཀུང་སིས་མ་འཇོག་བྱས་ནས་བསྐྲུན་པ་ཞིག་ཡིན་པ་དང་། མིག་སྔར་དུས་ཐེངས་དང་པོའི་རྣམ་གྲངས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་དུས་ཐེངས་གཉིས་པའི་རྣམ་གྲངས་དངོས་སུ་རྩིག་རྨང་འདིང་བཞིན་ཡོད་པ་རེད། རྣམ་གྲངས་ཚང་མ་སྤྱོད་འགོ་ཚུགས་རྗེས་ཉིན་རེའི་གད་སྙིགས་གཙང་སེལ་གྱི་སྤྱི་འབོར་ཏུན་3000ཙམ་ཟིན་རྒྱུ་དང་ལོ་ཧྲིལ་པོར་ལྗང་མདོག་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་4.8ཙམ་མཁོ་འདོན་ཐུབ་ནས་ཨེ་ཤེ་ཡ་དབུས་མའི་ས་ཁུལ་གྱི་འཚོ་བའི་གད་སྙིགས་མེར་བསྲེགས་ནས་གློག་གཏོང་བའི་རྣམ་གྲངས་ཆེ་ཤོས་སུ་འགྱུར་རྒྱུ་རེད།
ཁེར་གྷི་སི་ཐན་རྒྱལ་ཁབ་བརྙན་འཕྲིན་རླུང་འཕྲིན་ཀུང་སིའི་གསར་འགོད་པ་ཁེ་ལ་ལ·ཁུའུ་ཏ་དབྱི་པེ་ལེ་ཀེན་ནུའོ་ཝ་རྣམ་གྲངས་ལག་བསྟར་བྱ་ཡུལ་དུ་ཐེངས་དང་པོར་བསྐྱོད་པར་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“གད་སྙིགས་གཙང་སེལ་དང་གློག་ཤུགས་མཁོ་སྤྲོད་སོགས་ཀྱི་གནད་དོན་ནི་ས་གནས་འདི་གའི་དམངས་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་དམངས་འཚོའི་དཀའ་གནད་ཅིག་རེད། རྣམ་གྲངས་དེས་གྲོང་ཁྱེར་གྱི་གད་སྙིགས་ནུས་ཆེའི་ངང་གཙང་སེལ་དང་མཁའ་རླུང་གི་སྤུས་ཚད་ལེགས་སུ་བཏང་བ་མ་ཟད། ལྗང་མདོག་གློག་ཕྱིར་གཏོང་རྒྱུན་མཐུད་ཀྱང་ཐུབ་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ང་ཚོར་དམངས་འཚོའི་དཀའ་གནད་ཆེན་པོ་གཉིས་སེལ་རོགས་བྱས་ཏེ་གྲོང་ཁྱེར་ལྗང་མདོག་འཕེལ་རྒྱས་ལ་ཡུན་རིང་གི་སྒུལ་ནུས་བསྣན་ཡོད”ཅེས་བཤད།
(འདི་ག་ཚགས་པར་ཁང་དུ་པི་སི་ཁེག་ནས་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།