ཀྲུང་གོ་མི་དམངས་དངུལ་ཁང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”སྒྱུར་བཅོས་འཕེལ་རྒྱས་ཀྱི་འཆར་འགོད་ནང་གཙོ་གནད་ལས་འགན་དེ་དག་བཀོད་སྒྲིག་བྱས་པ།
ཟླ་8ཚེས་10ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པར།《ཀྲུང་གོ་མི་དམངས་དངུལ་ཁང་གི“ལོ་ལྔ་ཚན་བཅོ་ལྔ་པའི”སྒྱུར་བཅོས་འཕེལ་རྒྱས་ཀྱི་འཆར་འགོད》བཀྲམ་པ་མ་ཟད། འབྲེལ་ཡོད་ཞིབ་དབྱེའི་ཁྱབ་ཁོངས་ཀྱི་བྱ་སྤྱོད་ཇུས་གཞི་ཁག་9ལེ་ལག་ཚང་པོས་བཟོས་ནས་བཏོན་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ཀྲུང་གོ་མི་དམངས་དངུལ་ཁང་སྒྱུར་བཅོས་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ལ་བཀོད་སྒྲིག་བྱས་ཡོད་པ་རེད།
གཙོ་གནད་ལས་འགན་ཁག་གི་ཁྲོད། ཚན་རིག་དང་མཐུན་ཞིང་བརྟན་འཁྱོངས་ཀྱི་དངུལ་ལོར་སྲིད་ཇུས་མ་ལག་དང་ཕྱོགས་ཡོངས་ལ་ཁྱབ་པའི་གཞི་ཆེའི་ཞིབ་ནན་དོ་དམ་མ་ལག་འཛུགས་རྒྱུ་དེ་ཨང་དང་པོར་བཞག་ཅིང་། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དངུལ་ལོར་སྲིད་ཇུས་ཀྱི་སྒྲོམ་གཞི་འཛུགས་པ་དང་རྨང་གཞིའི་དངུལ་ལོར་འདོན་སྤྲོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། དངུལ་ལོར་ཡིད་རྟོན་གྱི་སྲིད་ཇུས་ཡོ་བྱད་ཀྱི་སྤྱི་འབོར་དང་གྲུབ་ཆའི་བྱེད་ནུས་ཡག་པོ་འདོན་རྒྱུ་དང་། གཞི་ཆེའི་ཞིབ་ནན་གྱི་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཀྲུང་གོ་མི་དམངས་དངུལ་ཁང་གི་གཞི་ཆེའི་ཞིབ་ནན་དང་དངུལ་རྩ་བརྟན་འཁྱོངས་བྱེད་ནུས་ཆེ་རུ་བཏང་ནས། གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་རྩའི་ཉེན་ཁ་བརྟན་པོའི་ངང་སེལ་རྒྱུ་ཡིན་ཞེས་བརྗོད།
འཆར་འགོད་གཞིར་བཟུང་། ཀྲུང་གོ་མི་དམངས་དངུལ་ཁང་གིས་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། འཐབ་ཇུས་གལ་ཆེན་དང་། གཙོ་གནད་ཁྱབ་ཁོངས། ཞན་ཆའི་ལྷུ་ཚིགས་བཅས་ལ་གནད་སྨིན་དང་ནུས་ལྡན་ངང་རྒྱབ་སྐྱོར་བྱེད་པའི་དངུལ་རྩའི་སྲིད་ཇུས་མ་ལག་འཛུགས་པ་དང་། ཚན་རྩལ་གསར་གཏོད་དང་འཚམ་པའི་ཚན་རྩལ་དངུལ་རྩའི་ལམ་སྲོལ་འཛུགས་པ། དངུལ་རྩས་འབྱུང་འཕྲོད་གོང་འཕེལ་དང་ཐཱན་ཉུང་ཕྱོགས་སྒྱུར་ལ་རྒྱབ་སྐྱོར་བྱེད་པའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ། ཀུན་ཕན་གྱི་དངུལ་རྩའི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། རྒན་གསོའི་དངུལ་རྩའི་མ་ལག་འཛུགས་པ། གྲངས་འཛིན་དངུལ་རྩར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དངུལ་རྩས་ཆེར་སྐྱེད་ལ་རྒྱབ་སྐྱོར་དང་འཛད་སྤྱོད་ཆེར་གཏོང་ལ་ཤུགས་སྣོན་རྒྱག་རྒྱུ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་མི་དམངས་དངུལ་ཁང་གིས་སྒོ་དབྱེ་བསྟུན་མཁས་དང་གསོན་ཤུགས་དང་མཉེན་གཤིས་ལྡན་པའི་དེང་རབས་དངུལ་རྩའི་ཁྲོམ་ར་མུ་མཐུད་བསྐྲུན་རྒྱུ་ཡིན་ཞིང་། རིགས་མང་པོ་དང་རིམ་པ་མང་བའི་དངུལ་རྩའི་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་དངུལ་རྩའི་ཁྲོམ་རའི་ལས་རྣམ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས། དངུལ་རྩའི་ཁྲོམ་རའི་བྱེད་ནུས་སྔར་བས་ལེགས་པའི་ངང་འདོན་རྒྱུ་དང་། དངུལ་རྩའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་བརྟན་པོ་གཏོང་རྒྱུ། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལ་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་ཉོ་ཚོང་དང་མ་འཇོག་དང་མ་རྩ་མཉམ་འདྲེས་ཁྲོད་མི་དམངས་ཤོག་སྒོར་བེད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་རྒྱུ། དངུལ་རྩའི་ཁྲོམ་ར་ཕྱོགས་གཉིས་སུ་སྒོ་མོ་འབྱེད་ཟབ་ཏུ་བཏང་ནས་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་རྒྱལ་སྒྲོལ་དང་ཕན་ཚུན་སྦྲེལ་མཐུད་ཐུབ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོ་མི་དམངས་དངུལ་ཁང་གིས་ད་དུང་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་དང་ཀྲུང་གོ་མི་དམངས་དངུལ་ཁང་གི་ཞབས་ཞུའི་མ་ལག་ལེགས་སུ་གཏོང་རྒྱུ་ཡིན་ཞིང་། བཀོད་པ་ལུགས་མཐུན་དང་། བཅོས་སྐྱོང་ནུས་ལྡན། སྔོན་ཐོན་དང་བློས་འགེལ་ཆོག་པ། སྟབས་བསྟུན་རང་བཞིན་བཅས་ལྡན་པའི་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་མ་ལག་ཆགས་པར་སྐུལ་འདེད་གཏོང་རྒྱུ་དང་། གྲངས་འཛིན་མི་དམངས་ཤོག་སྒོར་འཕེལ་རྒྱས་བརྟན་པོ་གཏོང་བ་དང་ཡིད་རྟོན་ཉམས་ཞིབ་ལས་རིགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་བཙོག་དངུལ་གཙང་སྒྱུར་ལ་ངོ་རྒོལ་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་བྱ་རྒྱུ་རེད།
ཀྲུང་གོ་མི་དམངས་དངུལ་ཁང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་འཆར་འགོད་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་བ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།