རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཁྲབ་སྐབས་བདུན་པར་ཕུལ་བྱུང་གི་ཟློས་གར་རྣམ་གྲངས་48འཁྲབ་རྒྱུ་ཡིན་པ།
གསར་འགོད་པར་ཟླ་8ཚེས་10ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཁྲབ་སྐབས་བདུན་པའི་སྨྱན་སྦྱོར་བརྡ་སྦྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཟླ་8ཚེས་18ཉིན་ནས་ཟླ་9ཚེས་23ཉིན་བར་གྱི་རིག་རྩལ་མཉམ་འཁྲབ་ལ་ཕུལ་བྱུང་གི་ཟློས་གར་རྣམ་གྲངས་48པེ་ཅིང་དུ་འཁྲབ་སྟོན་བྱ་རྒྱུ་ཡིན་ཞིང་། གྲངས་འབོར་ཐད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། དེ་བཞིན་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་སུ་ཁྱབ་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་། རིག་གནས་དང་ཡུལ་སྐོར་པུའུ། རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཁྲབ་སྐབས་བདུན་པ་པེ་ཅིང་དུ་གཉེར་རྒྱུ་རེད། སྐབས་འདིའི་རིག་རྩལ་མཉམ་འཁྲབ་ཀྱིས“ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་པ། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་སྟོན་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་ས་གཞི་གཤིན་པོར་གཞི་ཚུགས་པ་དང་། མི་རིགས་ཁག་གི་རིག་གནས་ཀྱི་འཚོ་བཅུད་མཉམ་འདྲེས། སྲོལ་རྒྱུན་གྱི་ནང་དོན་དང་དེང་རབས་ཀྱི་མཛེས་དཔྱད་ལྡན་པ་བཅས་ཀྱི་གར་སྟེགས་སྒྱུ་རྩལ་རྩེ་གྲ་ཁག་གཅིག་གཅིག་སྡུད་ཐོག་བཏོན་ཡོད་པ་རེད།
འཁྲབ་སྟོན་ལ་ཞུགས་པའི་ཟློས་གར་གྱི་རྣམ་གྲངས་དག་པེ་ཅིང་གི་ཟློས་གར་ཁང་13དུ་གཅིག་རྗེས་གཉིས་མཐུད་འཁྲབ་སྟོན་བྱ་རྒྱུ་དང་། ཟློས་གར་གྱི་རྣམ་གྲངས་རེ་འཁྲབ་སྟོན་ཐེངས་2ནས་3བར་བྱས་ནས། ཁྱོན་འཁྲབ་སྟོན་ཐེངས་114བྱ་རྒྱུ་རེད། འཁྲབ་སྟོན་ལ་ཞུགས་པའི་ཟློས་གར་གྱི་རྣམ་གྲངས་ཀྱི་རིགས་ཕུན་སུམ་ཚོགས་པ་དང་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་པ། བརྗོད་བྱ་སྣ་ཁ་མང་ལ་ལོ་རྒྱུས་དང་དུས་རབས་ཀྱི་ནང་དོན་གཅིག་ཏུ་འདྲེས་ཡོད། གཞི་རིམ་ཟློས་གར་ཁང་དང་ཚོགས་པའི་ཟློས་གར་རྣམ་གྲངས་ཀྱི་བསྡུར་ཚད་32%བཟུང་བ་དང་། ས་ཁོངས་སྒྲོལ་བའི་མཉམ་འབྲེལ་གསར་རྩོམ་ཟློས་གར་གྱི་རྣམ་གྲངས་5ཐོག་མར་བཏོན་ཡོད་ཅིང་། སྤྱི་ཕན་དམངས་ཕན་གྱི་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་སྤ་སེའི་རིན་གོང་དམའ་བ་སོགས་ཀྱི་རིག་གནས་དམངས་ཕན་སྲིད་ཇུས་བཏོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།