དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཟངས་ཆས་བྲིན་ཁ་རྒྱུག མང་ཚོགས་འབབ་འཕར་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-12

    ཡར་ཀླུང་གཙང་འགྲམ་དུ་ཆགས་པའི་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨེ་མ་ཤང་རྩེ་གདོང་ཞོལ་གྲོང་ཚོ་ནས་ཟངས་རྡུང་བའི་སྒྲ་ཡང་སེ་གྲགས་ཤིང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཡིན་པའི་བོད་ཀྱི་ལྕགས་རྡུང་ལག་རྩལ(རྩེ་གདོང་ཟངས་ཆས)འདི་གར་ལོ་བརྒྱ་ལྷག་ཙམ་རྒྱུན་འཛིན་ཐུབ་ཡོད།

    ལོ་55ལ་སླེབས་པའི་ལེགས་ལྡན་བཟང་པོ་མགར་བའི་ཁྱིམ་དུ་སྐྱེས་ཤིང་། ལོ་14ལ་སླེབས་སྐབས་རང་གི་སྤོ་བོ་བོད་ཀྱི་གྲགས་ཅན་ཟངས་རྡུང་རིགས་གཅིག་མཁས་ཅན་དང་རྩེ་གདོང་ཟངས་ཆས་ཀྱི་རྒྱུན་འཛིན་པ་མི་རབས་ལྔ་པ་བཙན་ལྷ་རྡོ་རྗེ་ས་ནས་ཟངས་རྡུང་ལག་རྩལ་སྦྱངས།

    ལོ་22ཀྱི་སྐབས་སུ་ལེགས་ལྡན་བཟང་པོས་བཟོ་བོ་10ལྷག་ཙམ་ཁྲིད་དེ་མཚོ་སྔོན་ཡུལ་ཤུལ་དུ་མཐོ་ཚད་སྨི་12ཟིན་པའི་ཟངས་སྐུ་ཞིག་བཞེངས། དེ་ནི་ཁོང་གིས་རུ་སྣེ་ཁྲིད་དེ་རང་རྐྱ་འཕེར་བའི་ངང་ལེགས་སྒྲུབ་བྱས་པའི་ཟངས་སྐུའི་བརྩམས་ཆོས་ཡིན་ལ་སློབ་མཐར་ཕྱིན་པའི་བརྩམས་ཆོས་ཀྱང་རེད། དེ་རྗེས་ཁོང་ནོར་བུ་གླིང་ག་དང་བོད་ལྗོངས་རྟེན་མཛོད་ཁང་གི་རིག་དངོས་ཉམས་གསོའི་ལས་ལ་ཞུགས་པ་མ་ཟད། བོད་དང་། མཚོ་སྔོན། སི་ཁྲོན་བཅས་སུ་ཟངས་སྐུ་བཞེངས། 2003ལོར་ལེགས་ལྡན་བཟང་པོས་རྩེ་གདོང་ཟངས་ཆས་བཟོ་གྲྭ་རྩིས་བླངས་ནས་རྒྱུན་འཛིན་པ་མི་རབས་དྲུག་པར་གྱུར། 2008ལོར་རྩེ་གདོང་ཟངས་ཆས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ལ་ཚུད་ཡོད། ལོ་4ཡི་རྗེས་སུ་ཁོང་ཡང་རྣམ་གྲངས་དེའི་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་གྱུར་ཅིང་། ཁོང་གིས“དེ་ནི་ལྕགས་རྡུང་ལག་རྩལ་དང་ང་རང་ཉིད་ལ་གདེང་འཇོག་ཆེ་ཤོས་བྱས་པ་ཞིག་རེད”ཅེས་བཤད།

    ལག་རྩལ་ཡང་རྩེར་སོན་ཡང་ཐོན་རྫས་སྔར་བཞིན་ཁྲོམ་རར་བྲིན་ཁ་རྒྱུག་པོ་མེད། ད་ཆ་རྒྱུན་གཏན་འཚོ་བའི་ཁྲོད་ཟངས་ཆས་བཀོལ་མཁན་རིམ་གྱིས་ཉུང་དུ་འགྲོ་བ་དང་གཞོན་ནུ་ཚོའི་ཁྱིམ་དུ་ཟངས་ཆས་སྤྱིར་ན་མཐོང་རྒྱུ་མེད། “སྲོལ་རྒྱུན་གྱི་ལག་རྩལ་རིམ་གྱིས་ཉམས་དུ་འགྲོ་བཞིན་འདུག”ཅེས་ལེགས་ལྡན་བཟང་པོར་སེམས་ཁྲལ་ཆེན་པོ་བྱུང་། བོད་ཀྱི་རིག་གནས་དང་ཡུལ་སྐོར་ཁྲོམ་ར་དར་རྒྱས་ཕྱིན་པ་དང་བསྟུན་ནས་ལེགས་ལྡན་བཟང་པོ་དང་བུ་ནོར་བུ་བཟང་པོར་ཚོང་ལས་ཀྱི་གོ་སྐབས་རག་པ་སྟེ་ཟངས་ཀྱི་ཡུལ་སྐོར་ཐོན་རྫས་བཟོ་འགོ་ཚུགས།

    ནོར་བུ་བཟང་པོ་1999ལོར་སྐྱེས་ཤིང་། བཟོ་བོའི་བསམ་འདུན་བརྟན་སྲུང་ཕུད་ཁོང་གིས་རྒྱུན་དུ་ཁྲོམ་རར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ན་གཞོན་རྒྱུན་འཛིན་པ་དེས་དྲ་ཐོག་ཐད་གཏོང་བྱས་པས་ས་ཕྱོགས་གང་ས་ནས་མངགས་ཐོ་འབྱོར་བ་མ་ཟད། ཐ་ན་ཕྱི་རྒྱལ་ནས་ཀྱང་ཉོ་མཁན་བྱུང་ཡོད།

    བོད་ཀྱི་མཐུན་པ་སྤུན་བཞི་བརྗོད་བྱར་བྱས་ཏེ་ཕ་བུ་གཉིས་ཀྱིས་ཟངས་ཆས་གསར་གཏོད་བྱས་ཡོད། ཟངས་སྐུ་ཆེན་པོ་དང་བསྡུར་ན་དེའི་མཚོན་དོན་ནི་བཀྲ་ཤིས་པ་དང་། འཁྱེར་བདེ་བ། རིན་གོང་འཚམ་པ་བཅས་ཡོད། ཟངས་ཆས་བྲིན་ཁ་རྒྱུག་པས་ནོར་བུ་བཟང་པོར་ལག་རྩལ་གྱི་གདེང་ཚོད་འཕེལ་བ་མ་ཟད། ད་དུང་ཁོང་གིས་ཧུར་སེམས་ཆེར་སྐྱེད་ཀྱིས་ཕ་ཡུལ་རྣམ་གླིང་དང་འབྲེལ་བ་ཡོད་པའི་ཟངས་ཀྱི་ཐོན་རྫས་བཟོ་འགོ་ཚུགས།

    ད་ཆ་ཨེ་མ་ཤང་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་1དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་22ཡོད་ཅིང་། དེའི་ནང་རྩེ་གདོང་ཟངས་ཆས་ནི་མང་ཚོགས་འབབ་འཕར་ཡོང་བའི་སྣེ་ཁྲིད་ཐོན་ལས་ཤིག་ཏུ་གྱུར་ཡོད།

    རྩེ་གདོང་ཟངས་ཆས་ཁྲིད་སྦྱོང་རྟེན་གཞིར་སྐྱོད་སྐབས་རྒྱ་ཆེ་ཞིང་དཀར་ཆ་དོད་པའི་བཟོ་ཁང་དུ་ཟངས་རྡུང་བའི་སྒྲ་ལྷང་ལྷང་གྲགས་པ་དང་དགེ་ཕྲུག་ཚོས་བྲེལ་བརྩོན་ཆེན་པོས་ཟངས་ཆས་རྡུང་བཞིན་མཆིས། རྣམ་གླིང་རྫོང་གི་རྫོང་དཔོན་གཞོན་པ་དང་ཨེ་མ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཅིག་ལྕོགས་ཁྲེན་ཀྲུང་དབྱང་གིས་གོམ་སྟབས་རྗེས་མར་ང་ཚོས་རྒྱལ་ནང་གི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་བྱེད་ཐབས་བཟང་པོར་སློབ་སྦྱོང་བྱས་ཏེ། ཐོན་ལས་འཁོར་འབྲེལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཐོན་རྫས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས། མང་ཚོགས་དེ་བས་མང་བ་དེའི་ནང་ཞུགས་སུ་བཅུག་སྟེ་ས་ཆ་དེ་རང་དུ་ལས་ཞུགས་ཐུབ་པ་དང་རྒྱུན་མཐུད་འབབ་འཕར་ཡོང་བ་བྱེད་ཀྱི་ཡིན་ཞེས་བཤད།

    (《དཔལ་འབྱོར་ཉིན་རེའི་ཚགས་པར》2026ལོའི་ཟླ་8ཚེས་9ཉིན་གྱི་པར་ངོས་9པ་ལས་དྲངས)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།