དབུ་ཤོག>གསར་འགྱུར།
  • མཉམ་དུ་ལག་ཤེས་བཟོ་རྩལ་སྦྱངས། མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ།

    —— ཉིང་ཁྲི་གྲོང་ཁྱེར་ཉི་ཁྲི་སྡེ་ཁུལ་གྱིས་འཐབ་ས་སྤྱད་དེ་གཞི་རིམ་བཅོས་སྐྱོང་གི་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-12

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་ཉི་ཁྲི་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་སུ་སྐྱོད་སྐབས་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་སྦྱིན། བོད་རིགས་ཨ་ཅག་ཚོས་བྱང་ཆུབ་པའི་ལག་ཤེས་བཟོས་རྫས་བཙེམས་པ་དང་། རྒྱ་རིགས་སློབ་མས་རི་མོ་གསར་པ་འཆར་འགོད་བྱེད་པ། ཐུའུ་ཅ་རིགས་ཀྱི་བུ་མོ་ཚོས་ཞིབ་ཚགས་ངང་ཚོན་སྐུད་སྒྲིག་པ་སོགས་མི་རིགས་ཁག་གི་བུད་མེད་ཚོ་གྲལ་སྒོར་དུ་བསྡད་དེ“ཁམ་བུའི་མེ་ཏོག་དམར། མཐུན་སྒྲིལ་བརྩེ་བ་ཟབ”ཅེས་པའི་མི་སེམས་འགུལ་བའི་རི་མོ་བཙེམས་ཡོད། “ཨ་ཅག་སློབ་ཁང་། སྡེ་ཁུལ་གྱི་བཟོ་ཁང”ཞེས་འབོད་པའི་གཡུལ་ས་ཆུང་ཆུང་དེས་མི་རིགས་ལག་ཤེས་བཟོ་རྩལ་འབྲེལ་ཐག་ཏུ་བྱས་ཏེ། ཕྱོགས་གཅིག་ནས་ཁྱིམ་སྡོད་བུད་མེད་ཀྱི་འབབ་འཕར་ལམ་བུ་གཏོད་པ་དང་ཕྱོགས་གཞན་ཞིག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་མཐུན་མདུད་པ་དམ་དུ་བཏང་བས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་དང་སྡེ་ཁུལ་བཅོས་སྐྱོང་གི་དཔེ་མཚོན་གསར་པར་གྱུར་ཡོད།

    ཉི་ཁྲི་སྡེ་ཁུལ་གྱི་ཁྱིམ་སྡོད་བུད་མེད་མི་ཉུང་བ་ཞིག་ལ་དུས་ཚོད་གཏན་འཁེལ་མེད་པ་དང་རྩལ་ནུས་མི་འདང་བའི་རྐྱེན་གྱིས་ལས་ཞུགས་འབབ་འཕར་ཡོང་ཐབས་བྲལ། དེར་བརྟེན་སྡེ་ཁུལ་དེས་རིག་གནས་ལ་བརྟེན་ནས་མཐའ་མཚམས་དར་རྒྱས་གཏོང་བ་དང་དམངས་ཕྱུག་མཐུན་སྒྲིལ་གྱི་ལས་ཀའི་བསམ་ཕྱོགས་ལ་དམ་པོར་དམིགས་ཏེ“ཨ་ཅག་སློབ་ཁང་། སྡེ་ཁུལ་གྱི་བཟོ་ཁང”སྣེ་ཁྲིད་ཀྱིས་བསྐྲུན་ནས། ཏང་ཨུད་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། རིག་གནས་བསམ་བཀོད་ཁེ་ལས། མང་ཚོགས་བཅས་ཕྱོགས་བཞིའི་མཉམ་འགུལ་བྱེད་སྟངས་བཏོད་ཡོད།

    བཅར་འདྲི་བྱེད་རིང་བུད་མེད་ཀྱི་ལས་ཞུགས་དགོས་མཁོ་གསལ་རྟོགས་བྱས་རྗེས། སྡེ་ཁུལ་དེས་རིན་མེད་ངང་ཏང་དང་མང་ཚོགས་ཀྱི་གཡུལ་ས་སློབ་ཁྲིད་བྱ་ཡུལ་དུ་བྱས་པ་དང་ས་གནས་དེ་གའི་འགྲོ་ཕན་གླིང་རིག་གནས་བསམ་བཀོད་ཁེ་ལས་དང་མཉམ་དུ་ལག་རྩལ་བསླབ་པ་དང་ཚོང་ལམ་རྒྱ་ཆེར་བཏང་བ་རེད།

    སྐབས་ཤིག་རིང་གསོ་སྦྱོང་བྱས་པ་བརྒྱུད། བཟོ་ཁང་དེས་མི་རིགས་ཁག་གི་བུད་མེད་40ལྷག་ཙམ་ཁྱིམ་དུ་སྟབས་བསྟུན་ལས་ཞུགས་ཐུབ་པར་སྐུལ་ཁྲིད་ཐུབ་པ་དང་། ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་400ལྷག་ཙམ་སྡེ་ཁུལ་ནས་ཐོན་པ། ལག་ཤེས་བཟོ་རྩལ་རྐང་འཛིན་པ་7གྱིས་ཡུན་རིང་ཚོང་ཟོག་མཁོ་འདོན་གྱི་གྲོས་མཐུན་བཞག་པ་བཅས་ལས་ཁོང་ཚོར་ཁྱིམ་ཚང་ལ་ལྟ་རྟོག་ཐུབ་པ་དང་འབབ་འཕར་གཉིས་ཀ་བྱུང་ཡོད།

    རྒྱུན་དུ་མི་རིགས་ཁག་གི་བུད་མེད་40ལྷག་ཙམ་གྱིས་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་ནང་ཧུར་ཐག་ཞུགས་པ་དང་གད་སྙིགས་གཙང་སེལ་གྱི་བྱ་སྤྱོད་སྤེལ་བ་མ་ཟད། ཁྲོམ་གཞུང་བརྒྱུད་ཀྱི་ཚུལ་མིན་སྤྱོད་ཚུལ་ལ་ཁ་ཏ་བསླབ་བྱ་བྱེད་པ་དང་། གྲོང་མིའི་ཁྱིམ་དུ་བསྐྱོད་དེ་རྒན་རྒོན་གྱི་འཚོ་བའི་རེ་ཞུ་ཉན་པ། ཟ་ཁང་དང་ཁུལ་ཆུང་དུ་བསྐྱོད་དེ་བཟའ་བཅའི་བདེ་འཇགས་དང་རྒན་གསོའི་བཟའ་བཏུང་ཞབས་ཞུའི་དམངས་ཕན་སྲིད་ཇུས་ཁྱབ་གདལ་གཏོང་བ་བཅས་བྱེད་ཀྱི་ཡོད། ད་ལོ་ཚུན་དུ། རིམ་རྩིས་བརྒྱབ་ན་དང་བླངས་ཞབས་ཞུ་སྣ་ཚོགས་ནང་བཟོ་ཁང་གི་བུད་མེད་མི་ཐེངས་55ཞུགས་པ་དང་མང་ཚོགས་300ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།