སྒོ་དབྱེའི་བགྲོད་ལམ་ཤར་གཏོང་བྱས། དངོས་ཟོག་ཐོགས་མེད་འཁོར་རྒྱུག་ཐུབ།
—— རང་ལྗོངས་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་འཛུགས་སྐྲུན་གྱི་འཐབ་ས་དང་པོའི་མཐོང་ཐོས།
ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔར་ཁེ་ལས་སྟོང་ཕྲག་ལྷག་གིས་བོད་ལྗོངས་འགག་སྒོ་བརྒྱུད་ནས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དང་ཉོ་ཚོང་བྱས་ནས། ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་རིགས་2000ལྷག་ཙམ་བར་མང་དུ་ཕྱིན་ཡོད། ད་ལོའི་ལོ་སྟོད་དུ་བོད་དུ་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཡོད་གྲུབ་འབྲས་ལྡན་པའི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་170ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་ཁེ་ལས་22མང་དུ་ཕྱིན་པ་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར། གངས་ལྗོངས་ས་མཐོས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་ཆེན་པོའི་ཐོག་དངོས་ཟོག་ཐོགས་མེད་གཏོང་འདྲེན་བྱས་པས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པ་རེད།
“བོད་ལྗོངས་མིང་ཅན”ཐོན་རྫས་ཀྱིས་གསེར་གྱི་མིང་བྱང་བཏོད་པ།
དེ་སྔའི་ས་མཐོའི་སྤུས་ལེགས་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ད་ཆ་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་གི་འཕར་གཞི་གསར་པར་འགྱུར་བཞིན་ཡོད།
གྲངས་གཞི་ལས་གསལ་པོར་མངོན་པར། ད་ལོའི་ལོ་སྟོད་དུ་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱེད་མཁན་ཁེ་ལས་37ཟིན་པ་དང་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་རིན་ཐང་སྒོར་ཁྲི་3336.11ཟིན་པ་དེ་དུས་མཚུངས་ལས་18.7%འཕར་ཡོད་པ་རེད། རང་ལྗོངས་ཀྱི་ཕྱིར་གཏོང་སྣ་ཁ་རྒྱུན་མཐུད་མང་དུ་དང་སྤུས་ཚད་ལེགས་སུ་ཕྱིན་ཞིང་། དབྱར་རྩྭ་དགུན་འབུ་དང་གཏེར་ཆུ་སོགས་སྲོལ་རྒྱུན་གྱི་ལེགས་ལྡན་ཐོན་རྫས་བརྟན་པོའི་ངང་འཕར་བ་དང་། ཉིང་ཁྲིའི་བོད་ཕག་དང་། ལྷ་སའི་འབྲི་གཡག་གི་རུས་ཆས། རྣམ་གླིང་གི་སྲན་མའི་ཧྥིང་སོགས་སྣ་ཁ་གསར་པ་ཕྱིར་གཏོང་ཐོག་མར་བྱས་ལ། ལོ་སྟོད་ཁོ་ནར་བོད་ཀྱིས་ཤང་ཀང་དུ་ཕྱིར་གཏོང་བྱས་པའི་ཁྱད་ལྡན་ཐོན་རྫས་ཀྱི་རིན་ཐང་སྒོར་ཁྲི་752.44ཟིན་པ་དེ་དུས་མཚུངས་ལས་ལྡབ་7ལྷག་ཙམ་འཕར་ཡོད་པ་རེད།
སྒོ་དབྱེའི་བགྲོད་ལམ་ཤར་གཏོང་བྱས། དངོས་ཟོག་ཐོགས་མེད་འཁོར་རྒྱུག་ཐུབ།
ད་ལོ་ནས་བཟུང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཁེ་ལས་ཀྱི“ཕྱི་ཕྱོགས་ཉོ་ཚོང་གི་མངགས་ཐོ་ཐོག་མ”སྐྱེད་སྲིང་འཆར་གཞི་ལག་ལེན་བསྟར་ཞིང་། མངགས་ཐོ་གཏན་འཁེལ་དང་ཟོག་འགྲུལ་སྦྲེལ་མཐུད་ནས་འགག་སྒྲོལ་ཕྱིར་གཏོང་བར་གྱི་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་མཛུབ་ཁྲིད་བྱས་པ་དང་། ཞིང་ལས་ཐོན་རྫས་སོས་པར་དམིགས་ཏེ་ཆེད་གཏོང་འགག་སྒྲོལ་གྱི“ཤར་གཏོང་འགྲོ་ལམ”བཏོད་ནས། སྔ་སྣུར་དུ་ཡིག་ཐོག་སྙན་ཞུ་འབུལ་བ་དང་། སྔོན་ལ་ལྟ་བཤེར། ཞིབ་བཤེར་བྱས་འཕྲལ་ཕྱིར་གཏོང་བཅས་ཀྱི་བྱེད་སྟངས་ཁྱབ་གདལ་བཏང་ནས་འགག་སྒྲོལ་དུས་ཚོད་ཐུང་དུ་གཏོང་གང་ཐུབ་བྱས་ཡོད། ཁྱད་ལྡན་ཐོན་རྫས་ལ་འགག་སྒོའི་ཚོད་ལྟ་ཁང་གི་ལག་རྩལ་འདེགས་སྐྱོར་དང་། དེབ་སྐྱེལ་ཐོ་འགོད་མཛུབ་ཁྲིད། ཆ་འཕྲིན་ཞབས་ཞུ་བཅས་མཁོ་འདོན་བྱས་ཏེ། “ས་གོ་ལའི་གླིང་སྣེ་གསུམ་པ”སོགས་ས་ཁོངས་ཀྱི་ཁྱད་ལྡན་སྤུས་རྟགས་མུ་མཐུད་བཏོད་པ་རེད། ད་ལོའི་ལོ་སྟོད་དུ་དབྱར་རྩྭ་དགུན་འབུའི་ཐོན་རྫས་རྐྱང་པ་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི་632.3ལྷག་ཙམ་ཟིན་ཡོད་པ་རེད།
ལྷ་ས་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དང་འགྲམ་འགག་སྒོས་མཉམ་དུ་ཕྱིར་གཏོང་བྱས་པའི་ནུས་གསར་རླངས་འཁོར་ཁག“སྒོ་ཁྲལ་གནས་ཞུ་ཐེངས་གཅིག་དང་། ལྟ་བཤེར་ཐེངས་གཅིག སྒམ་གཅིག་ལམ་ལུགས”བཅས་ཀྱི་བྱེད་སྟངས་ལ་བརྟེན་ནས་་ཕྱིར་གཏོང་བྱས་པ་རེད།
ཕྱི་ཕྱོགས་ཚོང་དོན་གྱི“ཐོན་གསར་གསུམ”གྱི་གྲས་ཤིག་ཡིན་པའི་རྒྱལ་ཐོན་ནུས་གསར་རླངས་འཁོར་ནི་བོད་ཀྱི་ཕྱིར་གཏོང་གི་འཕར་གཞི་གསར་པར་འགྱུར་བཞིན་ཡོད། ལོ་སྟོད་དུ་ལྗོངས་ཡོངས་ཀྱི“ཐོན་གསར་གསུམ”གྱི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་2.37ཟིན་པ་དེ་དུས་མཚུངས་ལས་64.5%འཕར་བའི་ནང་ནུས་གསར་རླངས་འཁོར་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་67%འཕར་ཡོད་པ་རེད། ནུས་གསར་རླངས་འཁོར་དང་རླངས་འཁོར་གྱི་ལྷུ་ལག་དག་འགག་སྒོའི་ཕྱིར་གཏོང་ཐོན་རྫས་གཙོ་བོར་གྱུར་པ་དང་། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ནས“འབྱུང་འཕྲོད”ཐོན་རྫས་ཀྱི་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད་པ་རེད།
ཕྱིར་གཏོང་མང་དུ་སོང་བ་དེ་རིག་ལྡན་གྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད་ཅིང་། ད་ལོ་ཚུན། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས“ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གྱི་རིག་ནུས་འགག་སྒྲོལ”སོགས་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་ཡུལ་རྣམ་འཁོར་འབྲེལ་ཁག་4བཙུགས་པ་དང་། རིག་ནུས་རམ་འདེགས་ཀྱི་ཡིག་ཐོག་སྙན་ཞུ་ཁྱབ་གདལ་བཏང་ནས། སྒོ་ཁྲལ་གནས་ཞུའི་ཆ་འཕྲིན་རང་འགུལ་སྔོན་འབྲི་དང་མཐེབ་གཅིག་རིག་ནུས་སྙན་ཞུ་མངོན་འགྱུར་ཐུབ་ཡོད་པ་རེད།
ཕྱོགས་བསྡུས་དྲ་རྒྱས་སྒོ་དབྱེའི་གསོན་ཤུགས་འཕེལ་བར་བྱས་པ།
དངོས་ཟོག་ཐོགས་མེད་འཁོར་རྒྱུག་ཐུབ་པ་ནི་ཚགས་དམ་པའི་ཕྱོགས་བསྡུས་སྒོ་དབྱེའི་དྲ་རྒྱ་ལས་བྱུང་བ་ཞིག་རེད།
ལོ་སྟོད་དུ་བོད་ལྗོངས་འགག་སྒོ་ལས་ཁུངས་ཀྱིས་རིམ་རྩིས་བརྒྱབ་ན་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་13.13ཕྱིར་གཏོང་ནང་འདྲེན་ལ་ལྟ་འདོམས་བྱས་པས། འགག་སྒོ་སྒྲོལ་བའི་ཐེག་ནུས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།
གཞུང་ལམ་ཐོག ནེ་པ་ལའི་ཉོ་ཚོང་གི་བགྲོད་ལམ་གཙོ་བོའི་གསོན་ཤུགས་རབ་ཏུ་འཕེལ་ཞིང་། སྐྱིད་གྲོང་འགག་སྒོར་ནེ་པ་ལའི་ཀྲུང་ལུགས་སྨན་རྒྱུ་དང་སྔོ་གཟན་སོགས་ནང་འདྲེན་བྱེད་ཚད་བརྟན་པོ་འཕར་བ་དང་། འགྲམ་འགག་སྒོ་ནས་ཕྱིར་གཏོང་བྱེད་པའི་ཚོང་ཟོག་སྣ་ཁ་1807ཟིན་པ་དང་ལོ་འདིའི་ནང་སྣ་ཁ་གསར་པ་105མང་དུ་ཕྱིན་པ། ལྗོངས་ཡོངས་སུ་བཙུགས་ནས་ཡུན་རིང་མ་སོང་བའི་ལེགས་རྩེ་འགག་སྒོ་སྒོ་མོ་ཕྱེ་ནས་མྱུར་ཚད་མགྱོགས་སུ་བཏང་བས། ལོ་སྟོད་དུ་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་2662ཟིན་པ་དེ་དུས་མཚུངས་ལས་ལྡབ་93.6འཕར་ཡོད།
དགུང་སྔོན་འོག་མཁའ་དབྱིངས་བགྲོད་ལམ་དུ་འགྲུལ་ཟོག་གཉིས་ཀ་འཕར་ཞིང་། རྒྱལ་སྤྱིའི(ས་ཁུལ)མཁའ་ལམ་ལམ་ཐིག4ནུས་ཆེའི་ངང་འཁོར་སྐྱོད་བྱས་པར་བརྟེན། ལོ་སྟོད་དུ་མཁའ་འགྲུལ་འགག་སྒོ་རྒྱལ་སྤྱིའི་ཟོག་འདྲེན་ས་ཚིགས་ནས་ཕྱིར་གཏོང་ནང་འདྲེན་བྱས་པའི་དངོས་ཟོག་ཏུན་89.91ཟིན་པ་དང་། རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་འགྲུལ་པ་དུས་མཚུངས་ལས་27.5%འཕར་བ། ཁྱད་ལྡན་ཐོན་རྫས་མཚོ་ཐོག་ནས་སྐྱེལ་འདྲེན་བྱས་པས། སྤུས་ལེགས་དང་ཐོན་ཁུངས་ཕྱོགས་གཉིས་ཕན་ཚུན་ཤར་གཏོང་ཐུབ་ཡོད་པ་རེད།
ལྷ་ས་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱིས་ཁྲལ་མེད་སྟོན་པ་དང་མགྱོགས་མྱུར་སྡེབ་སྐྱེལ་བྱེད་སྟངས་ལ་བརྟེན་ནས་ལོ་སྟོད་དུ་རྒྱལ་མཚམས་འཛུལ་སྒྲོལ་གྱི་དྲ་ཚོང་སིལ་འཚོང་དངོས་ཟོག་ནང་འདྲེན་བྱས་པར་སྒོར་ཁྲི་49.74ཟིན་པ་དེ་དུས་མཚུངས་ལས་ལྡབ་5.97འཕར་བ་དང་། གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁས“སྐམ་སའི་གྲུ་ཁའི་ཡིག་ཐོག་སྙན་ཞུ་དང་། ས་ཁོངས་ཞིབ་བཤེར། འགག་སྒོ་ཐད་གཏོང”བཅས་ཀྱི་རྣམ་པ་བརྒྱུད། ནས་ཀྱི་ཐོན་རྫས་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཁེ་ལས་10བཅའ་སྡོད་བྱ་རྒྱུའི་ཡིད་དབང་བཀུག་ནས་ཕྱི་ཕྱོགས་ཚོང་དོན་ཐོན་ལས་ཀྱི་རུབ་འདུས་ནུས་འབྲས་རགས་ཙམ་ཆགས་ཡོད་པ་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”ཕྱི་ཕྱོགས་སྒོ་དབྱེའི་འགོ་འཛུགས་ས་གསར་པར། བོད་ཀྱིས་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་དང་སྤུས་ལེགས་གྱི་ཐོན་ཁུངས་ལ་བརྟེན་ནས། ཁྱད་ལྡན་གྱི་ཕྱི་ཕྱོགས་ཚོང་དོན་ཐོན་ལས་དར་རྒྱས་ཤུགས་ཆེན་དང་། ཕྱོགས་བསྡུས་སྒོ་དབྱེའི་ལམ་བུ་ཤར་གཏོང་། ཕྱི་ཕྱོགས་ཚོང་དོན་གྱི་འགུལ་ནུས་གསར་པ་སྐྱེད་སྲིང་རྒྱུན་མཐུད་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།