རྒྱལ་ལམ་རྒྱུད་ཀྱི“རྫོགས་ལྡན་བར་ཁྱམས”
སྔོན་ཆད་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ནི་ཁྲོན་བོད་བྱང་ལམ་གྱི་ལམ་བར་ས་ཚིགས་ཙམ་ཡིན་པས། འགྲུལ་པ་རྣམས་དེ་ནས་བསྐྱོད་དུས་ཞག་སྡོད་བྱེད་མཁན་ཧ་ལམ་མེད། ད་ཆ་ས་མཐོའི་རྫོང་གྲོང་ཆུང་ངུ་དེས་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ཟབ་མོར་བརྟེན་ནས་ལོ་ངོ་སྟོང་གི་རིག་གནས་ཉིང་བཅུད་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ནུས་ཆེན་པོར་སྒྱུར་བཞིན་ཡོད།
2025ལོར་མི་ཐེངས་ཁྲི་36.8ཙམ་ཡུལ་དེ་གར་སླེབས་པ་དང་། ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་7220.8ཟིན་ནས་ཡུལ་གྲུ་དག་གཙང་དེའི་ཡིད་དབང་འགུགས་ཤུགས་ལ་དཔང་པོ་བྱས་པ་རེད།
ཡུལ་སྐོར་དར་འཕེལ་བྱུང་ནས་ཡུལ་ལུང་དེ་གའི་མི་སེར་གྱི་སེམས་ཤུགས་བསྐྱེད་པ་དང་། ཞེ་གཞུང་ཤང་གི་ཡུལ་མི་ནོར་བུའི་གཏམ་རྒྱུད་ནི་གསོན་ཉམས་དོད་པའི་དཔང་པོ་ཞིག་རེད།
ལོ་9ཡི་གོང་། ནོར་བུ་ནི་འདེབས་འཛུགས་རྟེན་གཞིའི་དངོས་ཟོག་སྐྱེལ་མཁན་ཁ་ལོ་བ་ཞིག་ཡིན་པ་དང་། ད་ཆ་ཁོང་ལག་རྩལ་དགེ་རྒན་དུ་གྱུར་ནས་བཟའ་ཟླ་དང་མཉམ་དུ་ཁྱིམ་གྱི་སྒོ་རྩའི་ཞིང་ལས་རིག་གནས་ཡུལ་སྐོར་དྲོད་ཁང་ཆེན་པོའི་ནང་ནས་ཟླ་རེར་སྒོར་7000ཙམ་རག་གི་ཡོད། “ཡུལ་སྐོར་བ་མང་དུ་ཕྱིན་པས་ང་ཚོའི་ཤིང་ཏོག་དང་སྔོ་ཚལ་འཚོང་རྒྱུར་སེམས་ཁྲལ་མེད་པ་མ་ཟད། ད་དུང་ཚང་མས་ཤིང་ཏོག་དང་སྔོ་ཚལ་འཐོག་ཆོག་གི་ཡོད། འཚོ་བ་ནི་དྲོད་ཁང་ཆེན་པོའི་ནང་གི་སྔོ་ཚལ་ལྟར་གསར་པ་དང་ཉམས་དགའ་བ་ཞིག་ཡོད”ཅེས་ནོར་བུས་བཤད་ལ། གཞུང་དྲང་ཟོལ་མེད་ཀྱི་འཛུམ་མདངས་ལས་གྲོང་གསེབ་ཡུལ་སྐོར་ལས་བྱུང་བའི་སྤྲོ་སྐྱིད་གང་ལེགས་མངོན།
ཞེ་གཞུང་ཤང་གིས་བེད་མེད་དུ་ལུས་པའི་ས་ཆ་མུའུ་200བེད་སྤྱོད་གང་ལེགས་བྱས་ཤིང་། དྲོད་ཁང་ཆེན་པོའི་ནང་དུ་ཤིང་ཏོག་འཐོག་པ་དང་། ཕྱི་རོལ་ཏུ་སྒར་རྒྱག་པ། ཁྱད་ལྡན་ཚོང་འདུས་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་ཀྱི་ཕྱོགས་བསྡུས་སྒྲིག་གཞི་བསྐྲུན་ནས་ཡུལ་སྐོར་བས་ཉམས་ལེན་ཁྲོད་འཛད་སྤྱོད་བྱེད་ཐབས་བཏོད་དེ། མང་ཚོགས་དུད་ཚང་300ཡི་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་ཤིང་། 2025ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་171ཟིན་པ་རེད།
ཡུལ་སྐོར་བ་འབོར་ཆེན་སླེབས་པ་ལས་ཡུལ་ལུང་དེ་གའི་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་ལེགས་སུ་དང་རིམ་པ་མཐོ་རུ་འགྲོ་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
སྟེང་ཆེན་རྫོང་རྨིན་ཧྲན་བག་ཆགས་ཁམས་པའི་གསོལ་མགྲོན་ཁང་གི་འགྲུལ་ཁང་ཅིང་ལི་ཆི་ཡུས་ཆིང་གིས“རྒྱལ་ལམ་317རྒྱུད་ཀྱི་མཛེས་ལྗོངས་ཁུལ་འཁྲུག་ཆ་དོད་དུ་ཕྱིན་པ་དང་བསྟུན་ནས། གསོལ་མགྲོན་ཁང་དུ་འགྲུལ་པ་ཞག་སྡོད་བྱེད་ཚད་བརྟན་པོ་འཕར་ཡོད། ང་ཚོས་ཟ་མ་དང་སྡོད་ཁང་གི་རིམ་པ་སྤར་ནས་ས་གནས་ཁག་གི་ཡུལ་སྐོར་བར་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས་ཤིང་། རང་སའི་ཞིང་འབྲོག་པ་སྔོན་ལ་བསྡུས་ནས་ཡོང་འབབ་འཕར་ཐབས་བྱེད་པ་དང་། སྟེང་ཆེན་དུ་ཡོང་མཁན་རྣམས་འདི་གར་གནས་བཟོད་བདེ་བ་དང་ཡུན་རིང་སྡོད་མཁན་རྣམས་ལ་ལས་ཀའི་ངར་ཤུགས་འཕེལ་བར་བྱས་ཡོད”ཅེས་གསར་འགོད་པར་བཤད།
རྒྱལ་ལམ་317དང་ཐག་ཉེ་བའི་ཁར་རྫོང་གྲོང་དང་བར་ཐག་སྤྱི་ལེ་0.5ལས་ཆོད་མེད་པའི་ཅིན་ཡེ་འཁོར་གཏོང་ཡུལ་སྐོར་གྱི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དུ་རིག་ནུས་ཀྱི་བར་སྣང་ཁང་པ་དང་། སྐར་ཚོགས་སྦྲ་གུར། ཁང་འཁོར་སྒར་ས་བཅས་ཀྱིས་གྲོང་གསེབ་བརྒྱན་ནས། “ཟ་སྡོད་འགྲོ་སྐོར་དང་ཉོ་རྩེད”ཀྱི་གཅིག་འཐུས་རྣམ་པའི་ཉམས་ལེན་ཁུལ་བཏོད་ཡོད། སྒར་སའི་འགན་འཁུར་བ་ཚེ་རིང་ནོར་བུས་གསར་འགོད་པར“ཕྱོགས་བསྡུས་སྒར་ས་སྐྲུན་དོན་ནི་ཡུལ་སྐོར་བར་སྤུས་ལེགས་ཀྱི་ཞབས་འདེགས་ཞུ་བ་དང་དུས་མཚུངས། ས་ཆ་འདི་གའི་མང་ཚོགས་ལ་ལས་ཞུགས་དང་འབབ་འཕར་གྱི་གོ་སྐབས་སྤྲོད་ཆེད་ཡིན། ང་ཚོས་གནས་སྐབས་རིང་ཉོ་ཚོང་བྱེད་པ་མིན་པར་ཡུལ་སྐོར་བ་སླར་ཡང་ཡོང་འདོད་པ་དང་ཡུལ་མི་དེ་བས་ཕྱུག་པོ་ཆགས་པ་བྱེད་ཀྱི་ཡོད”ཅེས་བཤད།
ལྟེ་བའི་མཛེས་ལྗོངས་ཁུལ་ལ་དམིགས་ཏེ་སྟེང་ཆེན་རྫོང་གིས་ཡུལ་སྐོར་ཉམས་ལེན་གང་ལེགས་ཐུབ་པའི་འཆར་འགོད་བྱས་ནས་འཁོར་གཏོང་ཡུལ་སྐོར་བ་རྣམས་འཁྱུག་ཙམ་རིང་སྡོད་པ་ཙམ་མིན་པར། བོད་ཟས་ལྟོ་དུས་གཅིག་དང་། འབྲོག་ཁྱིམ་དུ་སྐྱོད་ཐེངས་གཅིག སྐར་ཚོགས་འོག་གི་མེ་ཕུང་ཞིག་གི་སྟོན་མོ་བཅས་ལ་རོལ་ཆེད་སྡོད་སྙིང་དོད་པོ་བཟོ་བཞིན་ཡོད་པ་རེད།
ད་ཆ་སྟེང་ཆེན་རྫོང་གིས་རྒྱལ་ལམ་317བརྒྱུད་ནས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཕྱོགས་གཉིས་ལ་གཞོལ་བའི“རྫོགས་ལྡན་བར་ཁྱམས”ཤིག་འདིང་བཞིན་ཡོད་ཅིང་། རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས། “རྫོགས་ལྡན་བར་ཁྱམས”དེ་ས་ཁོངས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི“སྒུལ་ཤུགས་མདའ”དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི“འབྲེལ་ཟམ”དུ་འགྱུར་བཞིན་ཡོད་པ་རེད།
སྟེང་ཆེན་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་དགའ་སྐྱིད་དབང་མོས“ང་ཚོས་མུ་མཐུད་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་ཡག་པོ་བཟོ་བ་དང་ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་ནས། རྒྱལ་ལམ་317རྒྱུད་ཀྱི‘རྫོགས་ལྡན་བར་ཁྱམས’དེ་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པ་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ཁུལ་དུ་འགྱུར་བར་བྱས་ནས། མི་དེ་བས་མང་བ་སྟེང་ཆེན་དུ་ཡོང་ནས་སྟེང་ཆེན་ལ་དགའ་པོ་ཡོང་བར་བྱེད་ཀྱི་ཡིན”ཞེས་གསར་འགོད་པར་བཤད།
འབྲེལ་ཡོད་གསར་འགྱུར།