ཀྲུང་ནེས་ལག་གདང་སྦྲེལ་ཏེ་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ལེའུ་གསར་རྩོམ་པ།
—— ནེ་པ་ལའི་ལྷ་ཁང་དགུ་ཐོག་བསྐྱར་སྐྲུན་གྱི་སྐོར་བཀོད་པ།

འདི་ནི་ཧ་ནུ་མཱན་དྷོ་ཁ་ཕོ་བྲང་རྟེན་མཛོད་ཁང་གི་པར་རྒྱག་མཁན་སུའུ་ཉིར·ཏུང་ཀེར་གྱིས་ཀྲུང་གོ་སྲིད་གཞུང་གིས་ནེ་པ་ལའི་ཀ་ཏ་མན་རྡུའི་ཏུའུ་པཱ་ཐང་ཆེན་གྱི་ལྷ་ཁང་དགུ་ཐོག་ཉམས་གསོའི་རྣམ་གྲངས་ལ་རོགས་སྐྱོར་བྱས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
ལྷ་ཁང་དགུ་ཐོག་གི་མིང་གཞན་ལ་བཱ་སན་ཐ་པུར་མཆོད་རྟེན(Basantapur Tower)ཡང་ཟེར་ཞིང་། དེ་ནི་ནེ་པ་ལའི་ཧ་ནུ་མཱན་དྷོ་ཁ་ཕོ་བྲང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། “ཀ་ཏ་མན་རྡུ་རོང་སའི”ལྟེ་བའི་གྲུབ་ཆ་ཞིག་ཡིན་པས་1979ལོར་འཛམ་གླིང་རིག་གནས་ཤུལ་བཞག་ནང་ཚུད་ཡོད།
2015ལོའི་ཟླ་4ཚེས་25ཉིན་ནེ་པ་ལར་གློ་བུར་དུ་ས་ཡོམ་རིམ་པ་8.1བརྒྱབ་ནས་སྤྱི་ལོའི་དུས་རབས་17པར་བསྐྲུན་པའི་སྐྲུན་དངོས་རྩ་ཆེན་དེར་གཏོར་སྐྱོན་ཆེན་པོ་ཕོག་སྟེ། དེ་སྔའི་མཐོ་ཚད་ལ་སྨི་32ཟིན་པའི་ལྷ་ཁང་དགུ་ཐོག་གི་རྩེའི་ཐོག་སོ་གསུམ་རྦད་དེ་བརྡིབས་ཏེ་གཏོར་སྐྱོན་ཆེན་པོ་ཕོག་པ་རེད།
ནེ་པ་ལ་ཕྱོགས་ཀྱི་རོགས་སྐྱོར་རེ་ཞུ་བྱས་པ་བརྒྱུད། ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་གྲོས་མོལ་བྱས་ཏེ། ལྷ་ཁང་དགུ་ཐོག་ཉམས་གསོའི་རྣམ་གྲངས་གཏན་འཁེལ་བྱས་པ་དང་། 2017ལོའི་ཟླ་8པར་དངོས་སུ་ལས་འགོ་ཚུགས་པ་ནས་2024ལོའི་ལོ་མཇུག་ཏུ་ཞིབ་བཤེར་རྩིས་ལེན་བྱས་པ་རེད།
2026ལོའི་ཟླ་7པར། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་ནེ་པ་ལའི《ཀ་ཏ་མན་རྡུའི་སྦྲག་སྲིད་ཚགས་པར》གྱི་གསར་འགོད་པ་ཨར་ཆུང·པའོ་ཏེར་དང་མཉམ་དུ་ཉམས་གསོ་བྱས་རྗེས་ཀྱི་ལྷ་ཁང་དགུ་ཐོག་ཏུ་སླར་ཡང་ལོ་རྒྱུས་ཀྱི་གཅེས་ནོར་འཚོལ་བར་བསྐྱོད།
ཉིན་དགུང་གི་རྗེས་སུའང་ལྟ་སྐོར་དུ་ཡོང་མཁན་རྒྱལ་ཁབ་ཁག་གི་ཡུལ་སྐོར་བ་དང་ས་གནས་དེ་གའི་གྲོང་མི་རྒྱུན་ཆད་རྒྱུ་མེད་ཅིང་།
གནས་བརྟན་ལྷ་ཁང་གི་གཞོགས་ཁང་ནུབ་མར་ཀྲུང་གོས་ནེ་པ་ལར་རོགས་སྐྱོར་བྱས་པའི་ལྷ་ཁང་དགུ་ཐོག་ཉམས་གསོའི་རྣམ་གྲངས་ཀྱི་འགྲེམས་སྟོན་བཀོད་སྒྲིག་བྱས་ཤིང་། པར་རིས་རེ་རེ་ལས་ས་ཡོམ་ཆེན་པོས་སྐྲུན་དངོས་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་དེ་བཞིན་ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་རིག་དངོས་ལས་དོན་པས་ལག་གདང་སྦྲེལ་ནས་མཉམ་དུ་ཉམས་གསོ་བྱས་ཡོད།
ཧ་ནུ་མཱན་དྷོ་ཁ་ཕོ་བྲང་རྟེན་མཛོད་ཁང་གི་པར་རྒྱག་མཁན་སུའུ་ཉིར·ཏུང་ཀེར་གྱིས་ངས་དེ་གར་ལས་ཀ་བྱས་ནས་ལོ་7ཙམ་ཕྱིན་སོང་། ལྷ་ཁང་ཉམས་གསོ་བྱེད་རིང་ང་རང་ས་གནས་ས་ཐོག་ཏུ་ཡོད་ཅེས་བཤད།
སུའུ་ཉིར·ཏུང་ཀེར་དང་མཉམ་དུ་གུ་དོག་པའི་ཤིང་སྐས་འཛེགས་རྗེས། ང་ཚོ་ལྷ་ཁང་གི་རྩེ་ཐོག་ཏུ་སླེབས་པ་དང་། དེ་གར་ཐོག་མའི་གནའ་ཉམས་བཞིན་ཉམས་གསོ་བྱས་འདུག ཁང་སྟེང་དུ་གནའ་ཉམས་དོད་པའི་བརྐོས་བརྙན་དང་བཀྲ་ཤིས་མཚོན་རིས་སྣ་ཚོགས་བརྐོས་ཡོད་པ་དང་། ཐོག་བརྩེགས་ཀྱི་པང་གཅལ་ཡང་ཧ་ཅང་བརྟན་པོ་འདུག ཡུལ་སྐོར་བ་ཚོས་ལག་ཐོགས་ཁ་པར་བཏོན་ནས་མེ་ཏོག་བརྐོས་པའི་ཤིང་གི་སྒེའུ་ཁུང་བརྒྱུད་ཏུའུ་པཱ་ཐང་ཆེན་གྱི་མཛེས་ལྗོངས་ལ་པར་བརྒྱབ་ནས་ལྷིང་འཇགས་བག་ཕེབས་ཀྱི་རྣམ་པ་ཞིག་མངོན་གྱི་འདུག
ལྷ་ཁང་ཉམས་གསོ་ནི་ཤུལ་བཞག་རྒྱུ་དངོས་ཉམས་གསོ་བྱས་པ་གཅིག་པུ་མིན་པར། མིའི་རིགས་ཀྱི་ཤེས་དཔལ་རྒྱུན་འཛིན་བྱས་པ་ཞིག་ཀྱང་རེད། ས་ཡོམ་བརྒྱབ་རྗེས་ཉམས་ཆག་ཆེན་པོ་བྱུང་བ་ནས་ད་ཆ་བརྗིད་ཉམས་ཆེན་པོས་འགྱིང་ངེར་གནས་པའི་བར། ཀྲུང་གོའི་རོགས་སྐྱོར་ཚོགས་པས་ནེ་པ་ལ་དང་དཔུང་པ་མཉམ་གཤིབ་ཀྱིས་ཉམས་གསོ་བྱས་པ་དང་བློ་རྩ་བརྟན་པོས་གནའ་ཉམས་མངོན་པར་བྱས་ཡོད།
ཧི་མ་ལ་ཡ་བརྒལ་བའི་ཀྲུང་ནེའི་མཛའ་གྲོགས་ཤེས་དཔལ་སྤེལ་རེས་ཁྲོད་སྔར་བས་ཟབ་ཏུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།