དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་གིས་ཐེ་ལན་ལ་དཔྱད་གཞི་བཟང་པོ་མཁོ་འདོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཚའེ་ཝ·ཁྲེན་ཀུའུ་སུང་སུངས།   |     སྤེལ་དུས།  2026-08-11

    ཐེ་ལན་གྱིས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་དཔྱད་གཞིར་འཛིན་པ་དེ་ཇི་མ་ཇི་བཞིན་འདྲ་སྤོས་སྟབས་བདེ་བྱས་པ་ཞིག་མིན་པར། ཀྲུང་གོའི་སྔོན་ཐོན་བཅོས་སྐྱོང་གི་འདུ་ཤེས་དང་བྱང་ཆུབ་པའི་ལག་ལེན་བྱེད་སྟངས་དེ་རྒྱལ་ཁབ་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཉམས་མྱོང་དང་གྲུབ་འབྲས་གཞི་རིམ་གྱི་ལག་ལེན་ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏོང་བ་ཞིག་རེད།

    འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་དབུལ་པོ་ཉུང་གཏོང་གི་ཁྱབ་ཁོངས་སུ་ཀྲུང་གོར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་ཏེ་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་སུ་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ལག་ལེན་ལས་དབུལ་པོ་ནི་འགྱུར་ལྡོག་གཏོང་ཐབས་བྲལ་བའི་ལས་དབང་ཞིག་མིན་པ་གསལ་བཤད་བྱས་ཡོད། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱུད་རིམ་ལྡན་པའི་འཆར་འགོད་དང་། ཇུས་བསྟར་གནད་སྨིན། སྐུལ་སློང་རྒྱ་ཁྱབ། རྒྱུན་མཐུད་སྐུལ་འདེད་བཅས་ཀྱི་བཅོས་སྐྱོང་མ་ལག་བཙུགས་ཚེ་དབུལ་པོ་ཉུང་གཏོང་གི་དམིགས་ཚད་དེ་རེག་ཚོར་ཐུབ་པའི་དམངས་འཚོ་ལེགས་གཏོང་གི་གྲུབ་འབྲས་ཤིག་ཏུ་འགྱུར་ཐུབ་ངེས་རེད།

    དབུལ་པོ་ཉུང་གཏོང་གི་ལས་དོན་ལ་ཚན་རིག་དང་མཐུན་པའི་སྲིད་ཇུས་ཀྱི་འདེགས་སྐྱོར་དགོས་ལ། གཞི་རིམ་དུ་ལག་ལེན་ནུས་ལྡན་བསྟར་བ་དང་ཡང་ཁ་འབྲལ་ཐབས་མེད། ཀྲུང་གོའི་དབུལ་པོ་ཉུང་གཏོང་ལག་ལེན་གྱི་ཁྱད་ཆོས་གཙོ་བོ་ཞིག་ནི་ཀྲུང་དབྱང་གི་སྲིད་ཇུས་བཀོད་སྒྲིག་དང་། ས་གནས་ཀྱི་འགན་འཁྲི་ནན་གཏོང་། གཞི་རིམ་གྱི་རྩ་འཛུགས་སྐུལ་སློང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པ་བཅས་ཀྱི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་སྲིད་ཇུས་ཁག་ཡུལ་བབ་དང་བསྟུན་པ་དང་དོན་འཁྱོལ་ཕན་འབྲས་ཐོན་པར་འགན་ལེན་བྱེད་པ་དེ་ཡིན། ཐེ་ལན་གྱིས་ཀྱང་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་དབུལ་པོ་ཉུང་གཏོང་གི་འགྲོ་ལམ་འཚོལ་ཞིབ་བྱས་ཏེ། ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་བཟུང་ནས་རིམ་ཁག་སྲིད་གཞུང་གི་དཔོན་རིགས་དང་གཞི་རིམ་རྩ་འཛུགས་ཀྱི་ནུས་པ་སྔར་བས་བཏོན་ཏེ་སྲིད་ཇུས་ཀྱི་དམིགས་ཚད་སྡེ་ཁུལ་དང་། ཁྱིམ་ཚང་། མི་སྒེར་བཅས་དང་ཧ་ཅང་འཚམ་པའི་ཞིབ་ཕྲའི་བྱེད་ཐབས་སུ་བསྒྱུར་ནས་སྲིད་གཞུང་ཁག་དང་། རྫོང་ཁག ཤང་ཁག་བཅས་ཀྱིས་དམངས་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་མཐུད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བའི་རེ་བ་བྱེད་ཀྱི་ཡོད།

    ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་ལས་དཀའ་ངལ་ཡོད་པའི་ཚོགས་སྤྱི་དབུལ་པོ་ལས་སྒྲོལ་རྒྱུར་རོགས་རམ་བྱེད་པར་དུས་ཐུང་གི་རོགས་སྐྱོབ་ཁོ་ན་མིན་པར་ཕུགས་ཀྱི་འཕེལ་རྒྱས་ཀྱི་ནུས་པ་དེ་བས་སྐྱེད་སྲིང་བྱེད་དགོས་པ་གསལ་སྟོན་བྱས་ཤིང་། ཀྲུང་གོས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། དེང་རབས་ཀྱི་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བ། གློག་རྡུལ་ཚོང་ལམ་རྒྱ་སྐྱེད་གཏོང་བ། ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་དངོས་སྒྲུབ་ཀྱི་བྱེད་ཐབས་སྤྱད་པ་དེས་ཐོན་ཁུངས་ཀྱི་ལེགས་ཆ་འབབ་འཕར་གྱི་ཐབས་ལམ་དུ་བསྒྱུར་བར་ཕན་ཐོགས་ཡོད་པས། དམངས་ཚོགས་ལ་དེ་བས་བརྟན་པོ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གོ་སྐབས་མཁོ་འདོན་ཐུབ་ཀྱི་ཡོད། དེ་ནི་ཐེ་ལན་གྱིས་ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་གྱི་ལས་ཞུགས་རྒྱ་སྐྱེད་གཏོང་བ། ས་ཁུལ་དབར་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་བ་བཅས་ཀྱི་འབད་བརྩོན་ཁ་ཕྱོགས་དང་ཧ་ཅང་མཐུན་པ་ཞིག་རེད། ཐེ་ལན་གྱི་ས་ཁུལ་ཁག་གཅིག་ལ་དུས་ཡུན་རིང་པོར་འཕེལ་རྒྱས་དོ་མི་སྙོམས་པ་དང་ཡོང་འབབ་འཕར་ཤུགས་ཞན་པ་སོགས་ཀྱི་གནད་དོན་འཕྲད་ཡོད། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ལག་ལེན་གྱིས་འཕེལ་རྒྱས་ཀྱི་དཀའ་གནད་དེ་དག་སེལ་བར་དཔྱད་གཞི་བཟང་པོ་མཁོ་འདོན་བྱས་ཡོད།

    དབུལ་པོ་ཉུང་གཏོང་དང་དམངས་འཚོ་ལེགས་གཏོང་ནི་ཐེ་ཀྲུང་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གྲོས་གཞི་གལ་ཆེན་ཞིག་རེད། “ཐེ་ཀྲུང་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མཛའ་གྲོགས་ཟབ་མོ་དེས་ཕྱོགས་གཉིས་པོའི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། ཐེ་ལན་ཕྱོགས་ཀྱིས་ཀྲུང་གོ་དང་དབུལ་པོ་ཉུང་གཏོང་གི་བཅོས་སྐྱོང་དང་། གྲོང་གསེབ་དར་རྒྱས། དེང་རབས་ཞིང་ལས། དྲ་ཐོག་ཚོང་དོན་གྱིས་མཐུན་རྐྱེན་སྦྱོར་བ། གཞི་རིམ་བཅོས་སྐྱོང་། ཤེས་ལྡན་པ་གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་སྤེལ་རེས་ཀྱི་གྲུབ་འབྲས་དེ་དམངས་ཕན་གྱི་རྣམ་གྲངས་དེ་བས་མང་བར་འགྱུར་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་སློབ་སྦྱོང་དང་མིག་ལྟོས་བྱེད་རེས་དང་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཐེ་ཀྲུང་རྒྱལ་ཁབ་གཉིས་པོས་ཕན་ཚུན་གྱི་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་སྤྱི་ཚོགས་དྲང་གཞག་དྲང་བདེན་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད།

    (རྩོམ་པ་པོ་ནི་ཐེ་ལན་ནང་སྲིད་པུའི་ཚེ་ཀྲང་གཞོན་པ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།