ཁུ་པའི་ཉ་གྲོང་ཆུང་ངུ་ནས་གློག་སྒྲོན་གྱི་འོད་མདངས་འཚེར་བ།
ཟླ་8ཚེས་7ཉིན། ཀྲུང་གོས་ཁུ་པར་རོགས་སྐྱོར་བྱས་པའི་ཁྱིམ་སྤྱོད་ཉི་ནུས་སྒྲིག་ཆས་རྣམ་གྲངས་ཁག་དང་པོའི་དངོས་ཟོག་རྩིས་སྤྲོད་ཀྱི་མཛད་སྒོ་ཁུ་པའི་རྒྱལ་ས་ཧ་ཝ་ན་རུ་འཚོགས་པ་རེད། དེ་གོང་ཀྲུང་གོ་ཕྱོགས་ཀྱིས་2025ལོའི་ཟླ་11པར་ཁུ་པར་རོགས་སྐྱོར་བྱས་པའི་ཁྱིམ་སྤྱོད་འོད་ཤུགས་གློག་གཏོང་སྒྲིག་ཆས་ཆ་ཚང་5000ས་གནས་དེ་གའི་ཧོར་ཅིན་ཞིང་ཆེན་སོགས་ཞིང་ཆེན་མང་པོའི་ཐག་རིང་ལུང་ཁུག་གི་གྲོང་ཚོ་དང་དེ་བཞིན་སྨན་བཅོས་ཁང་དང་། བུ་བཙའ་དང་མ་བུ་འཕྲོད་སྦྱོར་ལྟེ་གནས། ས་གནས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སོགས་གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་གཞིར་སྤྱོད་འགོ་ཚུགས་ནས་རྒྱལ་ཁབ་གློག་དྲ་འབྲེལ་མཐུད་མ་ཐུབ་པའི་ནུས་རྒྱུ་དཀོན་པའི་ཐག་རིང་རི་ཁུལ་དང་མཚོ་གླིང་གི་གྲོང་གསེབ་ཁྱིམ་ཚང་ལ་གློག་ཤུགས་ཀྱི་རོགས་སྐྱོར་བྱས་ཡོད།
ཁུ་པའི་ཤར་རྒྱུད་ཀྱི་ཧོར་ཅིན་ཞིང་ཆེན་ཧྥུ་ལན་ཁེ·ཕེ་སི་གྲོང་ཁྱེར་གྱི་ཐ་ན་མོ་མཚོ་ཁུག་ངོགས་སུ་པོ་ཁ་ཏེ་ཐ་ན་མོ་གྲོང་ཚོའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་གི་ཐོག་ཁར་མཐིང་མདོག་གི་ཉི་ནུས་ཤེལ་ལེབ་རྣམས་ཉི་འོད་འོག་སྔོ་བསངས་ཀྱི་ནམ་མཁའ་དང་གཅིག་ལ་གཅིག་རྒྱན་གྱི་ཚུལ་དུ་གནས་པ་ནི་མཚོ་ཁར་ཆལ་ཆིལ་དུ་གཡོ་བའི་རླབས་རིས་དང་གཉིས་སུ་མ་མཆིས།
དེ་གར་ཀྲུང་གོས་རོགས་སྐྱོར་བྱས་པའི་ཁྱིམ་སྤྱོད་འོད་ཤུགས་གློག་གཏོང་སྒྲིག་ཆས་ཆ་ཚང་27སྒྲིག་སྦྱོར་བྱས་ཡོད་པ་དང་། བརྟན་ལ་རྒྱུན་མཐུད་ཀྱི་གློག་ཤུཌ་ཀྱིས་གྲོང་མི་70ལྷག་ཙམ་ལས་མེད་པའི་ཉ་གྲོང་ཆུང་ངུ་དེར་འོད་སྣང་སྦྱིན་ཡོད། “དེ་སྔ་ས་རུབ་རྗེས་ང་ཚོས་གློག་གཏོང་འཕྲུལ་འཁོར་ལ་བརྟེན་ནས་གློག་གཏོང་གི་ཡོད་ཀྱང་དེས་ཆུ་ཚོད་4ལྷག་ཙམ་ལས་འཁྱོལ་གྱི་མེད། གལ་ཏེ་འབུད་རྫས་ཁ་ཐང་བའི་སྐབས་དང་འཁེལ་ཚེ་གྲོང་ཚོ་ཡོངས་ནག་ཆིལ་ལེར་ཆགས་ཀྱི་ཡོད”ཅེས་ཉ་པ་མན་ནུའུ་ཨེར·ཕེ་ལེ་སིས་དྲན་གསོ་བྱེད་བཞིན་བཤད།
པོ་ཁ་ཏེ་ཐ་ན་མོ་གྲོང་ཚོ་ནི་ཐག་རིང་ལུང་ཁུག་ཏུ་གནས་པ་དང་འགྲིམ་འགྲུལ་སྟབས་བདེ་མེད་པས་སྒྲིག་ཆས་སྐྱེལ་འདྲེན་བྱེད་སྐབས་གཙོ་བོ་ཆུ་ལམ་ལ་བརྟེན་དགོས་ཀྱི་ཡོད། འོད་ཤུགས་སྒྲིག་ཆས་གྲོང་ཚོར་དབོར་ཆེད། གློག་ཤུགས་ཀུང་སིའི་ལག་རྩལ་མི་སྣས་གྲུ་གཟིངས་3བོགས་མར་གླས་ནས་ཤིང་དམར་ནགས་ཚལ་དང་ཆུ་འོག་བྲག་རྡོའི་དབར་ཉིན་ཤས་ཕར་འགྲོ་ཚུར་འོང་བྱས་རྗེས་གཞི་ནས་སྐྱེལ་འདྲེན་གྱི་ལས་འགན་ཚང་མ་ལེགས་གྲུབ་བྱུང་ཡོད།
སྒྲིག་ཆས་འབྱོར་རྗེས་གློག་སྔ་ཙམ་གཏོང་ཆེད། གྲོང་ཚོ་ཡོངས་ཀྱི་དུད་ཚང་27གྱི་མི་ཚང་མ་སྒྲིག་སྦྱོར་རུ་ཁག་ལ་ཞུགས་ཡོད། གྲོང་མི་ཚོ་དང་ལག་རྩལ་མི་སྣས་མཉམ་དུ་ལྕགས་སྒྲོམ་དང་འོད་ཤུགས་ཀྱི་ལྷུ་ལག་རེ་རེ་བྱས་ནས་ཐོག་ཁར་དབོར་ཏེ་ཟུར་ཚད་ལེགས་སྒྲིག་དང་གྲུབ་ཆ་བརྟན་དུ་བཏང་ཡོད། གྲོང་མི་ཚོས་ད་དུང་རང་འགུལ་ངང་འོད་ཤུགས་མ་ལག་གི་རྒྱུན་གཏན་གྱི་བེད་སྤྱོད་དང་སྲུང་སྐྱོང་བྱ་ཐབས་ཀྱང་རྒྱུས་ལོན་བྱས་ཡོད།
གློག་མཁོ་འདོན་བརྟན་པས་ས་གནས་དེ་གའི་གྲོང་མིའི་འཚོ་ཐབས་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད། པོ་ཁ་ཏེ་ཐ་ན་མོ་གྲོང་ཚོའི་གྲོང་མི་མང་ཆེ་བ་མི་རབས་ནས་མི་རབས་ཉ་པ་ཡིན་པ་དང་། སྔོན་ཆད་རྒྱུན་མཐུད་གློག་གཏོང་མེད་རྐྱེན་མཚོ་ཟས་སོས་པ་དང་ཉ་ཟན་ཚ་བ་ཆེ་བས་རུལ་འགྲོ་ཡི་ཡོད། ད་ཆ་ཁྱིམ་ཚང་ཚང་མའི་འཁྱགས་སྒམ་ལ་ཉིན་གང་གློག་ཡོད་པས་འཁྱགས་སྒམ་ནང་དུ་བཞག་ན་འགྲིག ཕེ་ལེ་སིས“ཉིན་གང་ཚ་གདུག་འོག་ཉ་འཛིན་པར་ཕྱིན་ནས་ཁྱིམ་ལ་ལོག་རྗེས་གློག་སྒུལ་རླུང་གཡབ་འགྲམ་དུ་ཆུ་གྲང་རྐྱང་ཞིག་བཏུངས་ནས་སྡོད་རྒྱུ་འདུག་ལ། དཀའ་ལས་བརྒྱབ་ནས་བཟུང་བའི་རྒྱ་མཚོའི་ཐོན་རྫས་ཀྱང་དོན་མེད་འཕྲོ་བརླག་འགྲོ་གི་མི་འདུག”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།