དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞིང་ལས་དང་གྲོང་གསེབ་ཁྱབ་ཁོངས་ཀྱིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་ལ་དམ་འཛིན་བྱས་ཏེ།

    གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་རྒྱུན་མཐུད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲུའུ་ཅུན། ཡུས་ཅིང་ཞན།   |     སྤེལ་དུས།  2026-08-11

    “དེ་སྔ་ཁང་པ་རྒྱག་པར་ཞིབ་མཆན་འགོད་སྐབས། དཔྱད་གཞིའི་ཡིག་རིགས་སྐྱེལ་བར་ཐེངས་མང་པོ་རྒྱུག་དགོས་ཀྱི་ཡོད། ད་ཆ་ལག་ཐོགས་ཁ་པར་ནས་རེ་ཞུ་བྱེད་ཆོག་པ་དང་དཔྱད་གཞིའི་ཡིག་རིགས་ཐེངས་གཅིག་བསྐྱལ་ན་འགྲིག་པས་ཧ་ཅང་སྟབས་བདེ་པོ་འདུག” “སྔོན་ཆད་ཞིང་འཕྲུལ་ཆེ་གྲས་ཤིག་གཡར་བར་མི་གཞན་ལ་མངགས་དགོས་ཀྱི་ཡོད། ད་ཆ་ལག་ཐོགས་ཁ་པར་གྱི་མཉེན་ཆས་ནས་ཉེ་འགྲམ་གྱི་ཞིང་འཕྲུལ་དང་མཉམ་ལས་ཁང་གི་འབྲེལ་གཏུག་བྱེད་སྟངས་བཙལ་ཏེ་སྔོན་མངགས་བྱེད་ཆོག་པས། ཧ་ཅང་སྟབས་བདེ་པོ་འདུག” ད་ཆ། ཅང་ཤིས་ཀྱི་གྲོང་གསེབ་ཏུ་ཡུལ་མི་དེ་བས་མང་བས“དྲ་ཐོག་གི་ཅང་ཤིས་ཞིང་པའི”ལས་སྟེགས་ཀྱི་སྟབས་བདེ་ལོངས་སུ་སྤྱོད་བཞིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “དྲ་ཐོག་གི་ཅང་ཤིས་ཞིང་པའི”ལས་སྟེགས་ཀྱིས་སྲིད་འཛིན་ཞིབ་མཆན་དང་། རྣམ་གྲངས་རེ་ཞུ། རིགས་གཅིག་མཁས་ཅན་གྱིས་དྲི་བར་ལན་འདེབས་པ། ཞིང་འཕྲུལ་ཁ་གསབ་རེ་ཞུ། ཁང་ས་རེ་ཞུ་སོགས་ཀྱི་ཞབས་ཞུའི་རྣམ་པ་50ལྷག་ཙམ་གཅིག་སྡུད་བྱས་པས། དྲ་ཐོག་གི་ཞབས་ཞུ་བརྒྱུད་གཞི་རིམ་གྱི་ཁེ་ལས་ལ་སྟབས་བདེ་བསྐྲུན་པ་མ་ཟད། མ་ལག་བསྡུ་སྒྲིལ་ལ་བརྟེན་ནས་གཞི་རིམ་ལ་བཀོལ་སྤྱོད་བྱེད་པར་སྟབས་བདེ་བསྐྲུན་པ་དང་། རིག་ནུས་དབྱེ་ཞིབ་བརྒྱུད་གཞི་རིམ་གྱི་རེའུ་མིག་རྒྱོང་གྲངས་ཉུང་དུ་བཏང་ཞིང་། གྲངས་གཞི་མཉམ་སྤྱོད་བརྒྱུད་གཞི་རིམ་གྱི་ལས་ཕྱོད་ཆེ་རུ་བཏང་ཡོད།

    “དྲ་ཐོག་གི་ཅང་ཤིས་ཞིང་པའི”ལས་སྟེགས་ནི་ཞིང་ལས་དང་གྲོང་གསེབ་ཁྱབ་ཁོངས་ཀྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་བའི་བསྡུས་རིས་ཤིག་རེད། 2024ལོའི་ཟླ་8པར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་གཏན་འབེབས་འགའ་ཞིག》(གཤམ་དུ《གཏན་འབེབས་འགའ་ཞིག》ཅེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་རེད། ལོ་གཉིས་རིང་ཞིང་ལས་དང་གྲོང་གསེབ་པུས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དང་ཟུང་འབྲེལ་བྱས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་དེ་ཞིང་ལས་དང་གྲོང་གསེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ནས《གཏན་འབེབས་འགའ་ཞིག》དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ཡག་པོ་སྒྲུབ་པར་འགན་ལེན་ནུས་ལྡན་བྱས་ཡོད།

    ཉེ་བའི་ལོ་གཉིས་རིང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་། ཞིང་འབྲེལ་མ་དངུལ་རྣམ་གྲངས་ལ་དོ་དམ། གྲོང་གསེབ་འཛུགས་སྐྲུན་བཅས་དང་། ལྷག་པར་དུ། གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་སོགས་ཀྱི་ཐད་མང་ཚོགས་ཀྱིས་གླེང་མང་བ་དང་བསམ་འཆར་ཡང་མང་པོ་ཡོད་པ་རེད། གཙོ་གནད་ཁྱབ་ཁོངས་དེ་དག་ལ་རྩེ་གཅིག་ཏུ་དམིགས་ཏེ། བཅོས་སྐྱོང་གནད་སྨིན་བྱས་པ་དང་། གཞི་རིམ་གྱིས་ཕན་འབྲས་དངོས་ཀྱི་ཐད་འབད་བརྩོན་མང་ཙམ་བྱེད་པ་དང་ཕྱི་ཚུལ་བརྩོན་ལེན་བྱེད་པར་བསམ་བློ་ཉུང་ཙམ་གཏོང་བར་སྐུལ་འདེད་བཏང་བས། ལས་བྱེད་པའི་ལས་ཀའི་སྤྱོད་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།

    ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ཐད། ཀན་སུའུ་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་ཆེད་དོན་བཅོས་སྒྲིག་གི་ལྟ་སྐུལ་ཆེད་དོན་འཛིན་གྲྭ་དང་ལས་དོན་ཆེད་དོན་འཛིན་གྲྭ་བཙུགས་པར། 2025ལོའི་ལོ་མཇུག་བར་མཐིལ་རྟོགས་ཤེས་རྟོགས་ཐུབ་པའི་གནད་དོན་89.2%དག་ཐེར་བྱས་ཡོད། གྲོང་གསེབ་འཛུགས་སྐྲུན་ཐད་སི་ཁྲོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས“གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ཐད་འཕྲལ་རྐྱེན་བཅོས་ཀྱང་ཕུགས་རྩ་མི་བཅོས་པའི”གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས། ས་གནས་ཁག་ལ“མང་ཚོགས་ཀྱིས་འཛུགས་སྐྲུན་དང་། མང་ཚོགས་ཀྱིས་དོ་དམ། མང་ཚོགས་ཀྱིས་ལོངས་སུ་སྤྱོད་པ”བཅས་ཀྱི་ཕུགས་ཕན་དོ་དམ་ལམ་སྲོལ་འཛུགས་རྒྱུར་མཛུབ་ཁྲིད་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་གྲོང་ཚོར་གཙང་སྦྲ་བྱེད་པའི་བྱ་སྤྱོད་སྤེལ་བ་ལས་གྱང་དཀར་པོ་བཟོ་བ་དང་མེ་ཏོག་ཁོག་མ་གཤོམ་པར་གཏན་འགོག་བྱས་ཡོད། མ་དངུལ་དང་རྣམ་གྲངས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ཐད། ཧེ་ལུང་ཅང་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་རྒྱལ་ཡོངས་ཀྱི་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་གྱི་ཆ་འཕྲིན་མ་ལག་ལ་བརྟེན་ནས་མ་དངུལ་དང་རྣམ་གྲངས་ལ་དུས་ཐོག་ཏུ་ལྟ་སྐུལ་དོ་དམ་བྱེད་པའི་མ་ལག་བཙུགས་ཏེ། གྲོང་གསེབ་དར་རྒྱས་རྣམ་གྲངས་ཀྱི་མ་དངུལ་གཏོང་ཕྱོགས་དང་། གཏོང་སྒོའི་མྱུར་ཚད། ལས་རྗེས་དམིགས་ཚད་བཅས་ལ་བབ་བསྟུན་རྗེས་སྙེག་བྱས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ལས་བྱེད་པས་རེའུ་མིག་རྒྱོང་བ་དང་སྙན་སེང་ཞུ་བའི་གནད་དོན་བསྐྱར་ཟློས་མི་ཐོན་པར་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།