ཞིང་ས་གཤིན་པོ་རྨོ་འདེབས་ཀྱིས་དམངས་ཆེད་ཐོན་ལས་དར་རྒྱས་གཏོང་བའི་འགན་འཁྲི་བསྒྲུབས།
——གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་དང་བོད་ལྗོངས་དཀར་གཙང་ནས་ཀྱི་བཟའ་བཅའ་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་བསོད་དོན་ཆུང་བའི་སྐོར་བཀོད་པ།
མུ་མེད་ཀྱི་ནས་ཞིང་རྒྱལ་རྩེའི་ས་གཞི་ཆེན་པོར་ཡོངས་སུ་ཁྱབ་ཡོད། བོད་ཀྱི་ནས་ཀྱི་ལྟེ་བའི་ཐོན་ཁུལ་གྱི་གྲས་ཤིག་ཡིན་པའི་དེ་གར་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་གཉེར་བ་མ་ཟད། སྲིད་གྲོས་ཀྱི་ན་གཞོན་ཨུ་ཡོན་བསོད་དོན་ཆུང་བའི་ཕུགས་འདུན་དོན་གཉེར་བྱེད་འགོ་འཛུགས་ས་ཞིག་ཀྱང་རེད།
2009ལོར། ནན་ཅིང་ཞིང་ལས་སློབ་ཆེན་ནས་སློབ་མཐར་ཕྱིན་པའི་བསོད་དོན་ཆུང་བས་གྲོང་ཁྱེར་དུ་སྡོད་རྒྱུའི་གདམ་ག་མ་བྱས་པར་ཕ་ཡུལ་དུ་ལོག་ནས་ཕས་ལོ་མང་གཉེར་སྐྱོང་བྱས་པའི་རྩམ་པ་ལས་སྣོན་བཟོ་གྲྭ་དེ་རྒྱུན་བསྐྱངས།
ལས་གཏོད་བྱས་མ་ཐག་ཏུ་ཐོན་སྐྱེད་རགས་ལས་དང་ཐོན་རྫས་སྣ་གཅིག་ཡིན་པའི་སྲོལ་རྒྱུན་གྱི་ཁྱིམ་ཚང་བཟོ་ཁང་གི་ཞན་ཆ་མངོན་གསལ་དོད་པོ་ཡོད། འཕེལ་རྒྱས་ཀྱི་གོ་སྐབས་གསལ་པོ་ཤེས་པའི་བསོད་དོན་ཆུང་བས་ཚད་ལྡན་ཅན་གྱི་ཁེ་ལས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུའི་གྲ་སྒྲིག་བྱེད་འགོ་ཚུགས་པ་དང་2014ལོར་བོད་ལྗོངས་དཀར་གཙང་ནས་ཀྱི་བཟའ་བཅའ་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་དངོས་སུ་བཙུགས་ཤིང་། ཁོང་གིས་ནུས་ཤུགས་ཡོད་རྒུས་བཟོ་ཁང་གི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས་འདེབས་འཛུགས་དང་། ཞིབ་སྤེལ། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་བསྐྲུན་ཡོད། ཆེད་ལས་ལག་རྩལ་གྱི་ལེགས་ཆར་བརྟེན་ཏེ་ནས་ཀྱི་འབྲས་བརྔོས་དང་ནས་ཀྱི་ཏན་ཞིམ་སོགས་གསར་གཏོད་ཐོན་རྫས་མང་པོ་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་རར་བཏོན་པ་དང་རང་ཉིད་ཀྱི་སྤུས་རྟགས“རྒྱལ་རྩེ་སྟོང་ཁོག”ཅེས་པ་འཕེལ་རྒྱས་བརྟན་པོ་བྱུང་བ་ལས་བོད་ཀྱི་གྲགས་ཅན་ཚོང་རྟགས་ཁྲོད་རང་སྐྱོང་ལྗོངས་ཀྱི་ཁག་དང་པོའི་ལོ་བརྒྱའི་རྙིང་ཁུངས་མིང་ཅན་ལ་དཔྱད་འདེམས་བྱུང་ཡོད།
ད་ཆ། བསོད་དོན་ཆུང་བས་གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་དང་ཁེ་ལས་ཀྱི་འགན་འཁུར་བའི་འགན་གཅིག་ལྕོགས་སུ་ཁུར་ནས་ཨུ་ཡོན་གྱི་འགན་སྒྲུབ་དང་ཐོན་ལས་འཕེལ་རྒྱས་གཉིས་ཀར་མཉམ་དུ་དམ་འཛིན་བྱས་ཏེ་ཕྱོགས་གཉིས་ནས་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།
འགན་འཁྲི་སྒྲུབ་རིང་བསོད་དོན་ཆུང་བས་རིམ་རྩིས་བརྒྱབ་ན་གྲོས་གཞི་20ལྷག་ཙམ་དང་ཡུལ་བབ་དམངས་འདུན་གྱི་ཆ་འཕྲིན་20ལྷག་ཙམ་ཕུལ་ཡོད། ས་གནས་དེ་གའི་ཞིང་ཕྱུགས་ལས་སྣོན་ཁེ་ལས་མང་པོ་ཞིག་གི་བཟོ་གྲྭ་བཙུགས་ནས་དུས་ཡུན་རིང་པོ་སོང་བ་དང་། སྒྲིག་ཆས་ཡུན་རིང་གསར་བརྗེས་མ་ཐུབ་པ། ཐོན་སྐྱེད་སྒྲུབ་རིམ་རྙིང་ལ་རྗེས་ལུས་ཡིན་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། རིམ་ཁག་སྲིད་གྲོས་ཀྱི་གྲོས་མོལ་ཚོགས་འདུའི་ཐོག་བསོད་དོན་ཆུང་བས་ནས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ནས་ལས་སྣོན་ཞིབ་ཚགས་ལག་རྩལ་ཁྱབ་སྤེལ་དང་སྤུས་རྟགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ་སོགས་ཐད་གཏམ་བཤད་ཐེངས་མང་སྤེལ་ནས་དོན་ལ་སྨིན་པའི་གྲོས་འགོ་བཏོན་ཡོད། “ནས་ཆུང་ཆུང་དང་། ཐོན་ལས་ཆེན་པོ། དམངས་འཚོར་ཕན་འདོགས་པ”བཅས་ཀྱི་ཐོག་མའི་བསམ་འདུན་ལ་གཞིགས་ནས་བསོད་དོན་ཆུང་བས་ཀུང་སི་དང་། མཉམ་ལས་ཁང་། ཞིང་དུད། མངགས་ཐོ་བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱས་ཏེ་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད། ཁེ་ལས་ཀྱིས་རྒྱལ་རྩེ་རྫོང་དང་དེ་བཞིན་མཐའ་འཁོར་ཤང་གྲོང་གི་ནས་འདེབས་འཛུགས་དུད་ཚང་1500ལྷག་ཙམ་དང་ཡུན་རིང་ཉོ་སྒྲུབ་མངགས་ཐོ་བཞག་ནས་ལོ་ལྟར་ཆ་སྙོམས་ནས་སྤྱི་རྒྱ་ཁྲི་300ཉོས་པ་དང་ཉོ་སྒྲུབ་རིན་གོང་ཐོག་མཐའ་བར་གསུམ་དུ་ཁྲོམ་རའི་ཆ་སྙོམས་རིན་གོང་ལས་མཐོ་བ་སྤྲོད་ཀྱི་ཡོད་པས་ཞིང་དུད་ཀྱི་ཐོན་སྐྱེད་དང་ཕྱིར་ཚོང་ཐད་ཀྱི་སེམས་ཁྲལ་རྦད་དེ་བསལ་ནས་མང་ཚོགས་དུད་ཚང་རེར་ལོ་ལྟར་ཆ་སྙོམས་འབབ་འཕར་སྒོར་2000ཡན་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། དེ་དང་ཆབས་ཅིག་ཁེ་ལས་ཀྱིས་ས་གནས་དེ་གའི་དཀའ་ངལ་ཡོད་པའི་མང་ཚོགས་སྔོན་ལ་ལས་ཀར་བསྡུས་པས་ད་ཡོད་ལས་བཟོའི་ཁྲོད་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་85%ཡན་བཟུང་ནས་མང་ཚོགས་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་བརྟན་པོ་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།