དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྤུས་ལེགས་ཀྱི་ཁོར་ཡུག་བསྐྲུན་ཏེ་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ།

    ——ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ས་ཁོངས་འཕེལ་རྒྱས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-11

    རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་འཕྲུལ་འཁོར་སྣ་ཚོགས་ཕར་འགྲོ་ཚུར་འོང་བྱེད་པའི་འུར་སྒྲས་ཁེངས་པ་དང་བཟོ་པས་འཁོར་ཁང་ནང་ཚ་ཚ་འུར་འུར་ངང་དུས་ཚོད་དམ་འཛིན་གྱིས་ཐོན་སྐྱེད་བྱེད་བཞིན་ཡོད། ད་ལྟ་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་སྐྱོད་སྐབས་གང་སར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་བཞིན་ཡོད།

    ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་དོན་ཨུ་ལྷན་དང་དོ་དམ་ཨུ་ལྷན་གྱིས“ཁུལ་ལྔ་འཛུགས་སྐྲུན”གྱི་དམིགས་ཚད་ལ་གཞིགས་ཏེ“བྱ་སྤྱོད་ཆེན་པོ་བཅུ”དམ་འཛིན་བྱ་གཞིར་བྱེད་པ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་གཙོ་རྐང་ལ་དམིགས་ནས། ཚད་གཞི་མཐོ་པོས་སྤྱི་འདོམས་དང་། སྒྱུར་བཅོས་ལ་མཐུན་རྐྱེན་སྦྱོར་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། སྒོ་དབྱེ་གསར་གཏོད་བཅས་མཐའ་འཁྱོངས་ཀྱིས་ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་དང་འགག་གནད་གནད་སྨིན་ཐག་གཅོད་བྱེད་པ་དང་བློ་བདེའི་གཉེར་སྐྱོང་དང་། བློ་བདེའི་མ་འཇོག བློ་བདེའི་འཕེལ་རྒྱས་བཅས་ཀྱི་སྤུས་ལེགས་ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་དེ་ས་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་རྒྱུན་མཐུད་འཕེལ་བར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2026ལོའི་ཟླ་དང་པོ་ནས་བཞི་པའི་བར། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་4.44ཟིན་པ་དེ་དུས་མཚུངས་ལས་81.3%འཕར་ནས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་ཕྱིན་ཡོད། ཕུལ་བྱུང་གྲུབ་འབྲས་དེ་དག་གི་རྒྱབ་ཕྱོགས་ནས་མངོན་པ་ནི་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཚད་གཞི་མཐོ་པོས་སྤྱི་འདོམས་དང་གདུབ་ཟུམ་དོན་འཁྱོལ་མཐའ་འཁྱོངས་བྱེད་པའི་བརྒྱུད་རིམ་ལྡན་པའི་ཚོང་གཉེར་ཁོར་ཡུག་གི་ལས་ཀའི་མ་ལག་ཅིག་རེད།

    ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་བྱ་རྒྱུ་དེ“འགོ་ཁྲིད་གཙོ་བོའི་འདུ་འགོད”ལ་བརྩིས་ནས་ཏང་དོན་ཨུ་ལྷན་གྱིས་གཅིག་གྱུར་འགོ་ཁྲིད་དང་། དོ་དམ་ཨུ་ལྷན་གྱིས་སྤྱི་འདོམས་བཀོད་གཏོང་། སྡེ་ཚན་གྱིས་མཐུན་སྦྱོར་མཉམ་འགུལ། ས་ཁོངས་ཧྲིལ་པོས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ཡོད།

    འདི་ལོ་ནས་བཟུང་། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་སྣེ་ཁྲིད་དུ་བྱས་ཏེ་ཁེ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དགོས་མཁོར་དམིགས་ནས་གནད་སྨིན་དངོས་སྒྲུབ་ཀྱི་སྒྱུར་བཅོས་བྱ་ཐབས་ཁག་གཅིག་བཏོན་ཏེ་སྲིད་དོན་ཞབས་ཞུའི་སྤུས་འབྲས་ལེགས་སུ་ཧུར་ཐག་བཏང་ཡོད།

    ལྗོངས་ཡོངས་ཀྱི་སྲིད་གཞུང་དང་ཚོང་པའི་དབར་གྱི་འབྲེལ་བའི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་གསལ་ཐོ་ཐོག་མ་བཏོན་ནས་འགྲོ་འོང་གི་དབྱེ་མཚམས་གསལ་པོ་འབྱེད་པ་དང་བྱ་སྤྱོད་ཀྱི་ཚད་གཞི་ཁ་གསལ་བཟོས་པ་དང་། “ཉེ་ཡང་མཚམས་ཚད་ཡོད་པ་དང་གཙང་ཡང་ལས་དོན་སྒྲུབ་པའི”ཞབས་ཞུའི་སྟོན་ཕྱོགས་འཛུགས་པ། གཞུང་དྲང་ཁ་གསལ་དང་སྲོལ་བཟང་སྤྱོད་བཟང་གི་ཚོང་གཉེར་ཁོར་ཡུག་གཏོད་པ་བཅས་བྱས་པ་རེད།

    རིམ་ཁག་ཁེ་ལས་ལ་ཕན་པ་སྐྲུན་པ་དང་དཀའ་ངལ་སེལ་བའི་སྲིད་ཇུས་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་པ་རེད། འདི་ལོ་ནས་བཟུང་། སྲིད་ཇུས་སྒྲོག་འགྲེལ་ཐེངས་600ལྷག་ཙམ་བྱས་པ་དང་རང་འགུལ་ངང་ཁེ་ལས་60ལྷག་ཙམ་ལ་ཁ་གསབ་རེ་ཞུ་དང་རོགས་སྐྱོར་མ་དངུལ་རེ་ཞུ་བྱས་ཏེ་ཞབས་ཞུའི་རྣམ་པ“ཁེ་ལས་ཀྱིས་སྲིད་ཇུས་འཚོལ་བ”ནས“སྲིད་ཇུས་ཀྱིས་ཁེ་ལས་འཚོལ་བར”འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཚད་ལྡན་ཅན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཐོན་ལས་གླིང་ཐོག་མ་བསྐྲུན་པ་དང་། སྣ་མང་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། གངས་ལྗོངས་གནས་སྐབས་ལས་མིའི་ཁྲོམ་ར་དང་སྒོ་རྩ་ནས་ལས་ཞུགས་ཐུབ་པའི་ཞབས་ཞུའི་ས་ཚིགས་གཏོད་པ། ལས་མི་བསྡུ་བ་དང་། རྩལ་ནུས་གསོ་སྦྱོང་། སྲིད་ཇུས་དོན་འཁྱོལ་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོར་ཞབས་འདེགས་ཞུ་བ་བཅས་བྱས་ནས་ཁེ་ལས་ཀྱི་ལས་མི་སྤྱོད་པའི་དཀའ་གནད་ནུས་ལྡན་སེལ་བ་དང་ལས་གནས་བརྟན་པོ་དང་ཐོན་སྐྱེད་བརྟན་པོ་ཡོང་བར་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།