དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་རིགས་མཐུན་སྒྲིལ་ཟ་མ་ལས། ལོ་ངོ་བདུན་ཅུའི་བརྩེ་སེམས་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-11

    ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་བསྟན་དར་གྲོང་ཚོ་ནི་ཤར་གོང་ལའི་ཤར་འདབས་ཀྱི་རི་ཚོགས་ཁྲོད་གནས་ཤིང་། དེ་གར་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“མི་རིགས་མཐུན་སྒྲིལ་གྱི་ཟ་མ”ཞིག་ཡོད་པ་དང་། ས་གནས་དེ་གའི་མང་ཚོགས་ཀྱིས་ལོ་76ཏག་ཏག་མི་རིགས་མཐུན་སྒྲིལ་གྱི་ཟ་མ་དེ་ལོངས་སྤྱོད་བྱས་ཡོད།

    ལོ་ལྟར་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་མོའི་ཐོ་རེངས་སྐྱ་མདའ་མ་བཏང་གོང་ནས་གྲོང་ཚོར་བྲེལ་བརྩོན་བྱེད་འགོ་ཚུགས་ཤིང་། དེ་ཉིན་གྲོང་ཚོའི་དུད་ཚང་107གྱི་མི་577ཚང་མ་མཉམ་དུ་འཛོམས་ཏེ་ཏན་ཞིམ་དང་ཚལ་བཟོ་བ་དང་། ལས་བྲེལ་ཁྲོད་ནས་ལོ་གསར་པར་རེ་སྒུག་དང་ཏང་ལ་དགའ་ཞེན་བྱེད་ལུགས་ཚང་མ་གསོལ་ལྕོག་སྟེང་ནས་མཚོན་པར་བྱེད་ཀྱི་ཡོད།

    ཟ་མ་གཙོ་བོར“ཕྱེ་མན་མོག་མོག”དང“འཐུང་དྲོད་རྫ་ཁོག”གཉིས་ཡོད།

    “ཕྱེ་མན་མོག་མོག”ནི་བསྟན་དར་གྲོང་ཚོར་མ་གཏོགས་མེད་པའི་མོག་མོག་ཅིག་རེད། “འཐུང་དྲོད་རྫ་ཁོག”ནི་ཉུང་མ་གཏུབས་ཏེ་མར་དང་མཉམ་དུ་བརྔོས་རྗེས་ནོར་གྱི་མགོ་ཤ་དང་མཉམ་དུ་དལ་བུར་བཙོ་བ་ཞིག་རེད། དེ་གཉིས་མཉམ་དུ་བཀྱགས་ནས་མོག་མོག་ཁམ་གང་རེ་དང་ཁུ་བ་ཧུབ་གང་རེ་འཐུང་བ་ནི་སྐབས་དེ་དུས་གྲོང་ཚོ་ཡོངས་ཀྱི་གྲ་རྒྱས་ཤོས་ཀྱི་རོ་མཆོག་ཅིག་རེད།

    གྲོང་ཚོའི་སྒྲིག་བཤེར་ཨུ་ཡོན་བསོད་ནམས་དོན་གྲུབ་ཀྱིས། ཟ་མ་དེའི་ཡོང་ཁུངས་ནི་1950ལོའི་བར་ཁུངས་འདེད་དགོས། ལོ་དེར་དམག་སྡེ་བཅོ་བརྒྱད་པ་ས་བབ་སྨི་5000ལྷག་ཙམ་ཡོད་པའི་ཤར་གོང་ལ་བརྒྱབ་ནས་བསྟན་དར་གྲོང་ཚོར་འབྱོར་རྗེས་རང་འགུལ་ངང་ཡུལ་མི་ཚོར་བཙས་མ་རྔ་རོགས་དང་ནོར་ལུག་འཚོ་རོགས་བྱས་ཤིང་། ཡུལ་མི་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱས་པ་རེད། བོད་ཀྱི་ལོ་གསར་ཉིན་མོར་དམག་དམངས་ཚང་མ་འཛོམས་ཏེ“ཕྱེ་མན”མོག་མོག་དང“འཐུང་དྲོད”རྫ་ཁོག་བཟོས་ནས་དགའ་སྤྲོའི་རྣམ་པའི་ཁྲོད་ལོ་གསར་ལ་རོལ་ཞིང་། དུས་དེ་ནས་བཟུང“མི་རིགས་མཐུན་སྒྲིལ་གྱི་ཟ་མ”ཞེས་པའི་མིང་བྱུང་ཞེས་བཤད།

    ཏང་ནང་ཞུགས་ནས་ལོ་50སོང་བའི་ཏང་ཡོན་རྒན་གྲས་དཔལ་ལྡན་ཆོས་རྒྱལ་ནི་གསོན་ཉམས་དོད་པའི་ལོ་རྒྱུས་འདི་དངོས་སུ་བརྒྱུད་མཁན་དང་རྒྱུན་འཛིན་པ་ཞིག་རེད། ཁོང་གིས་གཞོན་ནུའི་དུས་སུ་གུང་ཁྲན་ཏང་གིས་ཞིང་བྲན་གྱི་སྣེ་ཁྲིད་དེ་ཡར་ལངས་བཅིངས་འགྲོལ་བཏང་བ་མིག་མཐོང་ལག་ཟིན་བྱུང་ནས་ཏང་ནང་ཞུགས་པའི་འདུན་པ་བཅངས། དུས་རབས་གོང་མའི་ལོ་རབས་70པར་རྫོང་ཡོངས་སུ་དགེ་རྒན་ཉི་ཤུ་ལྷག་ཙམ་ལས་མེད་པས། ཁོང་གིས་རང་འགུལ་ངང་འགན་འཁྲི་ཕྲག་ཏུ་ཁུར་ནས་བསྟན་དར་གྲོང་ཚོའི་མི་རིགས་སློབ་གྲྭར་སློབ་ཁྲིད་བྱས།

    “སྐབས་དེ་དུས་དམག་སྡེ་བཅོ་བརྒྱད་པ་ཤར་གོང་ལ་རྒྱག་སྐབས་ངའི་ཨ་ཕས་དཔུང་སྡེར་རྡོག་ཁྲེས་འཁུར་རོགས་བྱས་པར་དཔུང་སྡེས་གངས་ཕྱིད་འགོག་པའི་མིག་ཤེལ་ཞིག་བྱིན་པ་ད་བར་ཉར་ཚགས་བྱས་ཡོད། དེ་ནི་སྐབས་དེ་དུས་དམག་དམངས་དབར་མཛའ་གྲོགས་ཀྱི་དཔང་པོ་ཡག་ཤོས་ཤིག་རེད”ཅེས་རྒད་པོས་བཤད་ཅིང་། མིག་ཟུང་ནས་འོད་མདངས་མངོན།

    དུས་ཀྱི་འཁོར་ལོ་མདུན་དུ་སྐྱོད། “མི་རིགས་མཐུན་སྒྲིལ་གྱི་ཟ་མ”བཟོ་སྟངས་དེ་གཞོན་ནུ་ཚོས་རྒྱུན་འཛིན་བྱས་པ་དང་། དུས་བསྟུན་འཕེལ་རྒྱས་ཀྱི་བཟའ་བཅའི་གཡོས་སྦྱོར་ལས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བའི་འཕོ་འགྱུར་མངོན། དཔལ་ལྡན་ཆོས་རྒྱལ་གྱི་ལོ་23ལ་སླེབས་པའི་ཚ་མོ་ཡོན་ཏན་དབང་མོ་ཧའེ་ནན་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་རྗེས་ཕ་ཡུལ་དུ་ལོག་པ་དང་རྫོང་གྲོང་གི་བརྡ་ཁྱབ་ཀུང་སི་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད། ཁོ་མོ་ཆུང་དུས་ནས་མཐོང་རྒྱ་དང་ཐོས་རྒྱ་ཡངས་པས“ཕྱེ་མན་མོག་མོག”དང“འཐུང་དྲོད”རྫ་ཁོག་བཟོ་སྟངས་སྔ་ས་ནས་ཤེས་ཀྱི་ཡོད།

    ཡོན་ཏན་དབང་མོས་འཛུམ་དམུལ་དམུལ་ངང“སྔོན་ཆད་ཟས་རིགས་ཁ་ཐང་བས‘འཐུང་དྲོད་རྫ་ཁོག’ནང་མང་ཆེ་བ་ཉུང་མ་ཡིན་པ་ལས་ཤ་ཧ་ཅང་དཀོན། ད་ཆ་འཚོ་བའི་འཁོས་ཀ་ལེགས་སུ་ཕྱིན་པས་གཡག་གི་མགོ་ཤ་གཙོ་བོར་གྱུར་པ་མ་ཟད། ང་ཚོས་ད་དུང་ད་ཆའི་བྲོ་བར་གཞིགས་ནས་སུར་པན་དང་། ཤ་སྨན། བསོད་ནམས་དཔལ་འཛོམས་སོགས་རྒྱག་གི་ཡོད། འོན་ཀྱང་རྒྱུ་ཆ་སྡེབ་སྦྱོར་ཇི་ལྟར་བྱས་ཀྱང‘ཕྱེ་མན’གྲོ་ཞིབ་སྙོལ་སྟངས་དང་རླངས་བཙོས་བརྒྱུད་རིམ་དང‘འཐུང་དྲོད”བརྔོ་སྟངས་དང་བཙོ་བའི་གོ་རིམ་ནི་སྔར་བཞིན་སྔོན་མ་དམག་སྡེ་བཅོ་བརྒྱད་པས་བསླབས་པ་ནང་བཞིན་མ་གཏོགས་འགྱུར་ལྡོག་ཅི་ཡང་བཏང་མེད”ཅེས་བཤད།

    ཡོན་ཏན་དབང་མོས“མི་རིགས་མཐུན་སྒྲིལ་གྱི་ཟ་མ”བཟོ་བའི་ལག་རྩལ་དེ་ནི་ཕ་ཡུལ་ལ་བཅངས་པའི་གདུང་སེམས་མཚོན་སྟངས་ཤིག་ཡིན་ལ། ངེས་པར་དུ་སྲུང་དགོས་པའི་སྙིང་སྟོབས་ཤིག་གི་སྲོག་རྩ་དེ་བས་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    བསྟན་དར་གྲོང་ཚོའི་འགྱུར་ལྡོག་ནི་ཟས་རིགས་ཕུན་སུམ་ཚོགས་སུ་ཕྱིན་པ་ཙམ་ག་ལ་ཡིན་ཏེ། ཁོད་སྙོམས་པའི་ཨར་འདམ་ལམ་དུད་ཚང་ཚང་མའི་སྒོ་རྩར་ཤར་གཏོང་ཐུབ་པ་དང་། ཡུལ་མི་ཡོངས་ཀྱི་སྡོད་ཁང་ལ་སྒྱུར་བཀོད་བྱས་ཟིན་པ། ཆུ་འགོག་ཐོག་ཁ་དང་ཁྱད་ལྡན་མཛེས་བཟོས་སྡོད་ཁང་མཛེས་པར་བརྒྱན་པ། ཡུལ་མི་དེ་བས་མང་བ་རི་ཁུག་ནས་ཐོན་ཏེ་ལྷ་ས་དང་། ཆབ་མདོ། ཁྲེང་ཏུའུ། ཧུའུ་པེ་སོགས་སུ་ལས་ཀ་བྱེད་པ་དང་ཚོང་རྒྱག་པར་སྐྱོད་བཞིན་ཡོད་སྟབས་ཡོང་འབབ་དེ་བས་མང་དུ་ཕྱིན་ཡོད།

    གྲོང་ཚོའི་འཁྲིས་སུ་ཧྥུའུ་ཅན་གྱིས་སྐྲུན་རོགས་བྱས་པའི་དཔལ་འབར་རྫོང་གི་ལོ་རྒྱུས་རིག་གནས་སྒྲིག་གཤོམ་ཁང་དེ་2025ལོའི་ཟླ་9པར་བསྐྲུན་ཟིན་པ་རེད། འགྲེམས་ཁང་དུ་གནའ་བོའི་རིག་དངོས་རྙིང་པ་དང་ཆིང་རྒྱལ་རབས་ཀྱི་སྒོ་པན་ཐོག་ཤར་གོང་ལ་གནའ་ལམ་གྱི་རྒྱ་བོད་མཉམ་འདྲེས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་འཁོད་ཡོད་པ་དང་། ལོ་རྒྱུས་ཀྱི་པར་རིས་དང་དངོས་ལྗོངས་འགྲེམས་སྟོན་ལས་དམག་སྡེ་བཅོ་བརྒྱད་པ་བོད་དུ་དཔུང་སྐྱོད་དང་དཔལ་འབར་བཅིངས་འགྲོལ་དང་འཛུགས་སྐྲུན་གྱི་བརྗིད་ཆེའི་ལོ་ཟླ་བསྐྱར་དུ་མངོན་པར་བྱས་ནས། གནའ་དེང་བསྡུར་བ་དང་ཞི་དྲག་མཉམ་མཚོན་གྱིས་ས་གཞི་འདིའི་འཕོ་འགྱུར་གྱི་ལོ་རྒྱུས་ཆ་ཚང་ཟིན་ཐོར་བཀོད་ཡོད།

    ཡུལ་སྐོར་བ་མང་བའི་ནམ་དུས་འཆར་རིམ་བཞིན་ཡུལ་སྐོར་བ་མི་ཉུང་བ་ཞིག་ལྟ་སྐོར་དུ་ཡོང་གི་ཡོད་ཅིང་། སྐབས་དེ་དུས་དམག་དམངས་ཚོས་ལག་གདང་སྦྲེལ་ནས་འགག་སྒྲོལ་དཀའ་སེལ་དང་འཛུགས་སྐྲུན་བྱེད་པའི་གཏམ་རྒྱུད་སྙན་མོ་ཤར་གོང་ལའི་རླུང་བུ་དང་འགྲོགས་ཏེ་མི་དེ་བས་མང་བས་ཤེས་རྟོགས་ཐུབ་ཡོད།

    གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ལིའུ་དབྱི་ལིན་གྱིས་གསར་འགོད་པར། བོད་ཀྱི་ལོ་གསར་འཆར་རིམ་བཞིན་ཡུལ་མི་ཚོས་གྲོང་ཚོའི་ལས་བྱེད་པ་ཁྱིམ་དུ་ཟ་མ་ཟ་བར་གདན་འདྲེན་པ་དང་། ལས་བྱེད་པ་ཚོས་ཀྱང་རང་ཕ་ཡུལ་གྱི་ཁྱད་ལྡན་ཚལ་བརྔོས་ནས་ཚང་མར་བྲོ་བ་མྱོང་དུ་འཇུག་གི་ཡོད། “ད་ཆའི་བསྟན་དར་གྲོང་ཚོར་འགལ་ཟླ་དང་རྩོད་གཞི་དང་ཆང་རག་བཏུངས་ནས་རྙོག་དྲ་སློང་བའི་གནས་ཚུལ་ཧ་ལམ་མེད་པས། དེ་ནི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཞི་མཐུན་གྲོང་ཚོ་ཞིག་རེད”ཅེས་བཤད།

    བུད་ཤིང་གི་མེ་ལྕེ་འུར་འུར་དུ་འབར་བ་དང་མོག་ཚགས་ནས“ཕྱེ་མན་མོག་མོག” གི་རླངས་པ་དལ་གྱིས་འཕྱུར་ཞིང་། རྫ་ཁོག་ནས“འཐུང་དྲོད”འཁོལ་བའི་རླངས་པ་འཚུབ་འཚུབ་བྱེད། བགྲང་བྱ་76འཁྱུག་ཙམ་ཞིག་ལ་འདས་པ་དང་། སྐབས་དེ་དུས་དམག་སྡེ་བཅོ་བརྒྱད་པ་ཁ་བའི་རྡོག་པོ་བརྫིས་ནས་ཡོང་བའི་གཟུགས་བརྙན་ནི་སྔ་ས་ནས་ལོ་རྒྱུས་ཡིག་ཚགས་ནང་གི་དྲན་ཤེས་སུ་གྱུར་མོད། འོན་ཀྱང་། 1950ལོ་ནས་འཁྲིགས་པའི་འཚོ་བའི་དུ་ཞག་དང་། ཤར་གོང་ལར་འཚུབ་པའི་ཁ་བ་བུ་ཡུག མི་རབས་ཁ་ཤས་ཀྱི་ལང་ཚོ་བཅས་ཀྱིས་བསྟན་དར་གྲོང་ཚོའི་ཁྱིམ་ཚང་ཚང་མ་སྐྱོང་མུས་ཡིན་ལ་སླད་ཕྱིན་གྱི་བགྲང་བྱའི་ནང་དུའང་ཁོང་ཚོ་བྱམས་ཀྱིས་སྐྱོང་ངེས་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།