“བོད་ལྗོངས་མིང་ཅན”གྱི་ཐོན་རྫས་མཁའ་དབྱིངས་ནས་ཤང་ཀང་དུ་ཐེངས་དང་པོ་བཏང་བ།
ཉེ་ཆར། བོད་ལྗོངས་ལྷོ་ཁ་ཡར་ཡིང་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ཁག་དང་པོའི་རྒུན་ཆང་ཤེལ་དམ་150ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ནས་དབོར་འགོ་ཚུགས་ཏེ་ཧུའུ་པེ་ཨེ་ཀྲོའུ་ཧྭ་ཧུའུ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཞིང་། “མཁའ་དབྱིངས་བརྒྱུད་འདྲེན”གྱི་སྟབས་བདེའི་ལྟ་འདོམས་བྱ་ཐབས་ལ་བརྟེན་ནས་ཤང་ཀང་དུ་བདེ་བླག་བཏང་བ་དང་། དེ་ཐོག་ནས“བོད་ལྗོངས་མིང་ཅན”གྱི་ཐོན་རྫས་རྒྱལ་ནང་ནས་རྒྱལ་སྤྱིར(ས་ཁུལ)མཁའ་དབྱིངས་ནས་ཐེངས་དང་པོ་བཏང་བ་མཚོན་པ་རེད།
མཁའ་དབྱིངས་ནས་གཏོང་བ་ཞེས་པ་ནི་འགག་སྒོ་ལས་ཁུངས་ཀྱི་ལྟ་འདོམས་འོག་མཁའ་འགྲུལ་དངོས་ཟོག་དག་དུས་གཏན་གནམ་གྲུ་གཉིས་སམ་ཡང་ན་དེ་ཡན་གྱིས་རྒྱུན་མཐུད་སྐྱེལ་འདྲེན་བྱས་མཐར་དམིགས་སའི་ཡུལ་དུ་འབྱོར་བའི་སྐྱེལ་འདྲེན་བྱེད་སྟངས་ལ་ཟེར་བ་དང་། དེ་ཟུར་སྣོན་རིན་ཐང་མཐོ་བ་དང་དུས་ཚོད་ཀྱི་བླང་བྱ་ཅུང་མཐོ་བའི་དངོས་ཟོག་ལ་སྤྱོད་རྒྱུར་འཚམ་པོ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དངོས་ཟོག་ཨེ་ཀྲོའུ་ཧྭ་ཧུའུ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་རྗེས“གནམ་ཐང་གི་བདེ་འཇགས་ལྟ་འདོམས་ཁུལ་ནས་ཐད་གཏོང”བྱ་ཐབས་བརྒྱུད་རྒྱལ་ནང་ལས་སྒྲུབ་ས་ཁོངས་ནས་རྒྱལ་སྤྱིའི་ལས་སྒྲུབ་ས་ཁོངས་སུ་ཐད་ཀར་བསྒྱུར་བས། རྒྱལ་ནང་ནས་དངོས་ཟོག་ལེན་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་དངོས་ཟོག་ས་ཚིགས་དབར་གྱི་ལམ་ཐུང་བརྒྱུད་འདྲེན། འདོན་འཇུག་བསྐྱར་མ་སོགས་ཀྱི་ལྷུ་ཚིགས་ཉུང་དུ་ཕྱིན་ནས། དངོས་ཟོག་སྐྱེལ་འདྲེན་གྱི་ཟད་གྲོན་དང་ཕྱོགས་བསྡུས་ཟོག་འགྲུལ་གྱི་མ་གནས་དམའ་རུ་ནུས་ལྡན་ཕྱིན་ཏེ། བར་བརྒྱུད་སྐོར་བརྒྱུད་དང་འགག་སྒོ་སྒྲོལ་བའི་ལས་ཕྱོད་རྒྱུན་མཐུད་ཆེ་རུ་ཕྱིན་པ་རེད།
ཐེངས་འདིར“ལྷ་ས་དང་། ཨེ་ཀྲོའུ། ཤང་ཀང”བཅས་མཁའ་དབྱིངས་མཉམ་སྦྲེལ་གང་ལེགས་ཐུབ་ནས“ས་མཐོའི་དཀྱིལ་ཁུལ་དང་། རྒྱལ་ཁབ་རིམ་པའི་ཟོག་འདྲེན་ལྟེ་གནས། གོ་ལ་ཧྲིལ་པོའི་ཁྲོམ་ར”བཅས་ཀྱི་མཁའ་དབྱིངས་ཚོང་དོན་བགྲོད་ལམ་བཏོད་དེ། ས་མཐོའི་ཁྱད་ལྡན་ཐོན་རྫས་བོད་ནས་ཕྱིར་འདྲེན་པར་སྟབས་བདེའི་ཐབས་ལམ་གསར་པ་ཞིག་བཏོད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།