“འབྲུ་རིགས་དང་ནུས་རྒྱུའི་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་ནུས་པ་ཆེ་རུ་ཧུར་ཐག་གཏོང་དགོས”
འཕེལ་རྒྱས་དང་བདེ་འཇགས་ནི་ལུས་ཐོག་གི་གཤོག་ཟུང་དང་འཕྲུལ་སྒུལ་གཅིག་གི་འཁོར་ལོ་གཉིས་དང་འདྲ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་དང་བབ་ལ་སྟངས་འཛིན་ནན་པོ་དང་ཉེན་ཁ་དང་གོ་སྐབས་ལ་མཐིལ་རྟོགས་གཏིང་ཟབ་གནང་སྟེ། “སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཉིས་དབར་ཕན་ཚུན་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། འབྲུ་རིགས་དང་ནུས་རྒྱུའི་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་ནུས་པ་ཆེ་རུ་ཧུར་ཐག་གཏོང་དགོས”ཞེས་ཁ་གསལ་བཏོན་གནང་ཡོད།
ཟླ་7ཚེས་30ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག“འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་དགོས”ཞེས་དང་། “ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ཏེ། སྟོན་འབྲུ་དང་ལོ་འཁོར་མོའི་འབྲུ་རིགས་ལ་ལོ་ལེགས་ཡོང་བར་བྱེད་དགོས” ཞེས་བླང་བྱ་བཏོན་ཡོད།
འབྲུ་རིགས་དང་ནུས་རྒྱུའི“ལྟོ་ཕོར་ཁག་གཉིས”ལག་ཏུ་བརྟན་པོ་དང་དམ་པོར་བཟུང་དགོས་པའི་སྐོར་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟག་ཏུ་ཐུགས་དགོངས་ཟབ་མོ་བཞེས་ཀྱི་ཡོད།
ད་ལོའི་ཟླ་6པར། ཧྲན་ཏུང་ཏེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས“འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་མཁོ་སྤྲོད་བརྟན་པོར་འགན་ལེན་བྱེད་པ་ནི་ཞིང་ལས་ཐོན་སྐྱེད་ཀྱི་གལ་ཆེའི་ནང་གི་འགངས་ཆེ་རེད” ཅེས་ནན་བཤད་གནང་བ་དང་། ད་ལོའི་ཟླ་3པར། ཧོ་པེའི་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས“ནུས་རྒྱུའི་གནད་དོན་ནི་འཕེལ་རྒྱས་ཁྲོད་ཀྱི་འཐབ་ཇུས་ཀྱི་གནད་དོན་ཞིག་རེད”ཅེས་གསུངས་ཡོད།
བརྟག་ཞིབ་རེ་རེ་དང་། ཚོགས་འདུ་རེ་རེ། བཀོད་སྒྲིག་རེ་རེ་བཅས་ལས། འཐབ་ཇུས་ཀྱི་རིག་པ་དྭངས་གསལ་དང་། འཐབ་ཇུས་ཀྱི་གདེང་ཚོད། འཐབ་ཇུས་ཀྱི་རང་འགུལ་བཅས་མངོན་ཡོད།
“གྲུ་རྡོ”དེ་བས་བརྟན་དུ་གཏོང་བ་དེ་ཐོག་ནས་བདེ་དུས་ཉེན་བསམ་དང་ཕྲ་མཐོང་ཆེ་ཤེས་ཀྱི་མཐའ་ཚད་བསམ་གཞིག་མཚོན་ཡོད།
“ཀྲུང་གོ་བའི་ལྟོ་ཕོར་ག་དུས་ཡིན་རུང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས”ཞེས་པ་ནས“ནུས་རྒྱུའི་ལྟོ་ཕོར་ངེས་པར་དུ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས” ཞེས་པའི་བར། “ལྟོ་ཕོར་གཉིས”ལག་ཏུ་བརྟན་པོ་དང་དམ་པོར་བཟུང་དགོས་པའི་སྐོར་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགོངས་པ་ཟབ་བཞེས་གནང་སྟེ། “འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས། ཚན་རིག་དང་མཐུན་པའི་ངང་འགྱུར་ལྡོག་ལ་སྔོན་དཔག་ཐུབ་པ་དང་། དུས་ཐོག་ཏུ་ཉེན་ཁ་གསལ་རྟོགས། འགྲན་སློང་ལ་ཁ་གཏད་ཡག་པོ་གཅོག་པ་བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས”ཞེས་གསུངས་ཡོད།
“འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་འགྲན་སློང་ཞིག་རེད” ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕེབས་ལམ་གྱི་ཞབས་རྗེས་སུ་འཁོད་ཡོད།
སུས་ཀྲུང་གོ་བ་འཚོ་སྐྱོང་བྱེད་དམ་ཞེ་ན། དེའི་ལན་ནི“སོན་རྡོག་གཅིག”གི་ནང་དུ་འདུས་ཡོད།
སྐུ་ན་ཕྲ་བའི་བློ་མཐུན་ཞི་ཅིན་ཕིང་ལེང་ཅཱ་ཧོ་རུ་ཕེབས་མ་ཐག སོན་འདེབས་ས་ཚིགས་སུ་སོན་བཟང་གསོ་སྤེལ་བྱེད་སྟངས་སྦྱོང་བར་མངགས། “ཞིང་པས‘མ་བཟང་ལ་བུ་བཟང་དང་། སོན་བཟང་ལ་ཐོན་འབབ་མང’ཞེས་དང་། ‘སོན་བཟང་འདེམས་མ་ཤེས་ན། ཞིང་ཁ་འདེབས་པའི་ངལ་བ་ལས་འབྲས་བུ་གང་ཡང་ཐོབ་མི་སྲིད’ཅེས་ཤོད་སྲོལ་ཡོད”
2022ལོའི་ཟླ་4པར། ཧའེ་ནན་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་ཡཱ་ཀྲོའུ་མཚོ་ཁུག་གི་ས་བོན་ཚོད་ལྟ་ཁང་དུ་ཕེབས་ནས། “སོན་ཁུངས་རང་བརྟེན་ཚོད་འཛིན་ཐུབ་པ་དང་། སོན་ལས་ཀྱི་ཚན་རྩལ་རང་ཚུགས་རང་དར་ཐུབ་པ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
གང་ལ་བརྟེན་ནས་ཀྲུང་གོའི་ལམ་བུ་གསལ་དགོས་སམ་ཞེ་ན། དེའི་ལན་ནི“གློག་ཏུའུ་གཅིག”གི་ནང་དུ་འདུས་ཡོད།
2004ལོར། བློ་མཐུན་ཞི་ཅིན་ཕིང་གིས་ཀྲེ་ཅང་ཅཱ་ཤིང་གློག་འདོན་ས་ཚིགས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་བརྟག་ཞིབ་གནང་སྐབས། “ཕུགས་ལ་བསམ་བློ་བཏང་ན། ང་ཚོས་ད་དུང་གློག་ཤུགས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་བསམ་གཞིག་བྱས་ཏེ། ནུས་རྒྱུ་གཙང་མ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས”ཞེས་ནན་བཤད་གནང་བ་དང་། ནུས་རྒྱུ་སྣ་མང་གི་མཁོ་སྤྲོད་མ་ལག་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
2014ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་ལ་འགན་སྲུང་བྱེད་པའི་སྤྱི་ཡོངས་ཀྱི་མཐོ་ཚད་ནས། “གསར་བརྗེ་བཞི་དང་མཉམ་ལས་གཅིག”གི་ནུས་རྒྱུའི་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་གསར་གཏོད་ལྡན་པའི་ངང་བཏོན་གནང་སྟེ། རང་རྒྱལ་གྱི་ནུས་རྒྱུ་འཕེལ་རྒྱས་ཀྱི་འཐབ་ཇུས་ཁ་ཕྱོགས་ཁ་གསལ་བསྟན་གནང་ཡོད།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)
དུས་རབས་གསར་པ་ཤར་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་འོག་རང་རྒྱལ་གྱིས“ལྟོ་ཕོར་གཉིས”སྔར་བས་བརྟན་པོར་བཟུང་ཡོད་ཅིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.4ཡི་སྐས་རིམ་གསར་པར་སླེབས་པ་དང་། ད་ལོའི་དབྱར་འབྲུའི་ཐོན་འབབ་རྒྱ་མ་དུང་ཕྱུར་3000ལས་ཐོག་མར་བརྒལ་བ། མིག་སྔར་རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་གློག་མཁོ་སྤྲོད་མ་ལག་བསྐྲུན་ཡོད།
“དམངས་འཚོའི་དྲ་བ”དེ་བས་ཚགས་དམ་པ་ལས་མི་དམངས་གོང་དུ་བཀུར་བ་དང་དམངས་འཚོ་གཙོར་འཛིན་གྱི་ཐོག་མའི་བསམ་འདུན་རྣམ་དག་མཐོང་ཐུབ།
“ལྟོ་ཕོར་གཉིས”ནི“དམངས་འཚོའི་དྲ་བ”དང་འབྲེལ་ཡོད་པ་དང་། “ནུས་རྒྱུ་འགན་སྲུང་དང་བདེ་འཇགས་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ”བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཐུགས་ཁྲལ་གནང་གི་ཡོད།
མིག་སྔར། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་དང་རྙོག་འཛིང་མཉམ་དུ་གནས་ཤིང་། ཀྲུང་གོས་དམིགས་ཚད་གཏན་འཁེལ་དང་གདེང་ཚོད་བརྟན་དུ་བཏང་ནས་སེམས་ནུས་གཅིག་སྡུད་ཀྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་བཞིན་ཡོད། རང་རྒྱལ་གྱི་ནུས་རྒྱུའི་མཁོ་སྤྲོད་འདང་ངེས་ཡོད་པས་ནུས་སྤྱོད་ཀྱི་དགོས་མཁོ་སྣ་ཚོགས་ནུས་ལྡན་ངང་སྐོང་ཐུབ་ཀྱི་ཡོད།
“ཐོག་མཐའ་བར་གསུམ་དུ་ཞིང་པའི་ཁེ་ཕན་འགན་སྲུང་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས”དང“རྒྱ་ཆེའི་ཞིང་པར་གྲོང་གསེབ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས” ད་ལོའི་ལོ་སྟོད་དུ་ཞིང་ལས(འདེབས་འཛུགས་ལས་རིགས)ཀྱི་འཕར་ཐང་དུས་མཚུངས་ལས་3.6%འཕར་ཡོད།
2022ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཤིས་རུའེ་ཀོང་ཚ་གློག་ཚད་ཡོད་འགན་འཁྲི་ཀུང་སིར་རྟོག་ཞིབ་གནང་སྐབས“གློག་དང་དྲོད་རླངས་མཁོ་འདོན་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས་དམངས་འཚོ་དང་འབྲེལ་བའི་དོན་ཆེན་ཞིག་རེད”ཅེས་གསུངས་ཡོད།
ཞིང་དར་ཞིང་ཕན་ཞིང་ཕྱུག་གསུམ་གྱི་སྲིད་ཇུས་ཀྱི་ནུས་ཕྱོད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་ནས་ནུས་རྒྱུའི་ཐོན་སྤྲོད་གསོག་ཚོང་བཞིའི་མ་ལག་གི་སྙུགས་ཤེད་རྒྱུན་མཐུད་ཆེ་རུ་གཏོང་བའི་བར། “མི་དམངས་གོང་དུ་བཀུར་བའི”ལྷག་བསམ་རྣམ་དག་དང་བརྟན་སྲུང་ལ་ཐོག་མཐའ་བར་གསུམ་དུ་འགྱུར་བ་བྱུང་མེད།
“སྒུལ་ཤུགས་ཀྱི་འབྱུང་ཁུངས”དེ་བས་སྟོབས་ཆེར་ཕྱིན་པ་ལས་བརྟན་ཐོག་ཡར་འཕེལ་དང་བག་ཕེབས་མདུན་སྐྱོད་ཀྱི་འཕེལ་རྒྱས་ཀྱི་ངེས་ཤུགས་མངོན་ཡོད།
“སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བྱེད་དགོས”པའི་ཐད། “ལྟོ་ཕོར་གཉིས”ནི་གལ་འགངས་ཆེ་ཤོས་དེ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུགས་ལ་དམིགས་ཏེ་འཆར་གཞི་ཁ་གསལ་བཀོད་གནང་ཡོད།
2020ལོའི་ཟླ་12པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག“ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱ་རྒྱུ་ནི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས་བློ་བརྟན་འགྱུར་མེད་ངང་དམ་འཛིན་བྱས་ཏེ་འཛུགས་སྐྲུན་གྱི་ཚད་གཞི་དང་སྤུས་ཚད་མཐོ་རུ་བཏང་ནས་ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པ་དང་ཐོན་འབབ་མཐོ་ལ་བརྟན་པོ་ཡོང་བར་བྱེད་དགོས”ཞེས་གསུངས་ཡོད།
2021ལོའི་ཟླ་9པར། ཧྲའན་ཤིས་ཡུས་ལིན་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གོམ་སྟབས་རྗེས་མའི་འཕེལ་རྒྱས་ཁྲོད་ནུས་རྒྱུའི་གྲས་ཤིག་ཡིན་པའི་རྡོ་སོལ་གྱི་འབོར་ཚད་ལ་ཚོད་འཛིན་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ཁ་ཕྱོགས་གཞིར་བཟུང་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་ལས་འགན་དཔེ་བསྡུར་ངང་མངོན་འགྱུར་བྱས་ཏེ་ཕྱོགས་སྒྱུར་རིམ་སྤོར་གྱི་ལམ་བུ་འདིར་ཡག་པོ་སྐྱོད་དགོས”ཞེས་གསུངས་ཡོད།
“ཞིང་པས་ལག་རྩལ་ཡག་ཤོས་ལ་བརྟེན་ནས་འབྲུ་རིགས་ཡག་ཤོས་འདེབས་ཐུབ་པ་བྱེད་དགོས”ཞེས་པ་ནས“རང་རྒྱལ་གྱི་ནུས་རྒྱུ་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས”ཞེས་པའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་ཤུགས་ཆེན་འཕེལ་བཞིན་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། འབྲུ་རིགས་བདེ་འཇགས་ཀྱི་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་དང་ནུས་རྒྱུའི་ཐོན་ཁུངས་ཀྱི་མཁོ་སྤྲོད་འགན་སྲུང་ལ་ཤུགས་སྣོན་རྒྱག་པའི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་གཞིགས་ཏེ། ཞན་ཆ་གནད་སྨིན་ངང་སེལ་བར་བརྟེན་ནས་བདེ་འཇགས་འགན་སྲུང་གི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བར་སྐུལ་ཁྲིད་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།