དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྔ་མོང་གི་སྐེ་དྲིལ་སྙན་དབྱངས་རྒྱང་ལམ་གསར་པར་བསྐྱར་དུ་གྲགས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀུང་ཧྲི་ཅན།   |     སྤེལ་དུས།  2026-08-10

    【མི་སྣ】 མཚོ་བོད་རྔ་མོང་རུ་ཁག

    【གཏམ་རྒྱུད】 མཚོ་སྔོན་དབུས་ལམ་གྱི་མོ་ཧོ་མཚོ་བོད་རྔ་མོང་རུ་ཁག་སྒྲིག་གཤོམ་ཁང་དུ་དར་གོས་དམར་པོས་མཐུད་བརྒྱབ་པའི་སྐར་ལྔའི་དར་དམར་ཞིག་འགྲེམས་ཁང་གི་དཀྱིལ་དུ་བཀལ་ཡོད་ཅིང་། དེ་ནི་རྔ་མོང་རུ་ཁག་གི་བཟོ་པས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ཟིན་པའི་ཁ་བ་བུ་ཡུག་གི་ཁྲོད་དུ་པང་དུ་ཉར་ནས་གདང་ལ་བརྒལ་མྱོང་བའི་སྐར་ལྔའི་དར་དམར་ཞིག་རེད། དུས་རབས་20པའི་ལོ་རབས་50པའི་སྐབས། མཚོ་བོད་རྔ་མོང་རུ་ཁག་རྐང་ཐང་དུ་ནུབ་བྱང་ནས་བོད་ལྗོངས་སུ་བསྐྱོད་པ་རེད། ལོ་ཁ་ཤས་རིང་བོད་དུ་ཐེངས་གསུམ་བསྐྱོད་པ་དང་རྔ་མོང་ཁྲི་ཕྲག་ཁ་ཤས་དེད་ནས་སྔ་རྗེས་སུ་རྔ་མོང་རུ་ཁག་གི་བཟོ་པ་མི་ཐེངས་3000ལྷག་ཙམ་ཞུགས་ནས་དངོས་ཟོག་དབོར་འདྲེན་དང་ས་ཡུལ་དངོས་སུ་བགྲོད་ལམ་འཚོལ་ཞིབ་བྱེད་པའི་ལས་འགན་བདེ་བླག་ངང་བསྒྲུབས་ཡོད། རྔ་མོང་རུ་ཁག་གིས་འཚོལ་ཞིབ་བྱས་པའི་ལམ་ཐིག་འདི་ལས་ཕྱིས་ཀྱི་མཚོ་བོད་གཞུང་ལམ་སྐྲུན་པར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་པ་རེད།

    【དཔྱད་བརྗོད】

    མི་རྣམས་ཀྱིས་མཚོ་བོད་གཞུང་ལམ་ལ་རྒྱུས་མངའ་ཟབ་ནའང་། དེའི་ཐོག་མའི་རྣམ་པ་ནི་མཚོ་བོད་རྔ་མོང་རུ་ཁག་གིས་གོམ་པ་རེ་ལ་རྐང་རྗེས་རེ་བཞག་ནས་བྱུང་བ་ཞིག་ཡིན་པ་ཤེས་མཁན་ཉུང་ཉུང་རེད། “ཚེ་སྲོག་གི་འཚོ་གནས་དཀའ་སར་གོམ་པའི་འདེགས་འཇོག་བསྒྱུར་ནས། གཟི་བྱིན་འབར་བའི་ལོ་རྒྱུས་བརྒྱུད་རིམ་དུ་གྱུར་ཡོད། གདང་ལ་བརྒལ་བའི་རྔ་མོང་གི་སྐེ་དྲིལ་སྒྲ་ཉམས་པ་མེད་པའི་བྱས་རྗེས་སུ་གྱུར” 《རྔ་མོང་གི་སྐེ་དྲིལ་ལས་འབྲོག་ཁུལ་དུ་སྙན་དབྱངས་གྲགས》ཞེས་པའི་སྙན་ངག་དེའི་ནང་རྔམ་བརྗིད་ཀྱི་ལོ་ཟླ་མཚོན་ཡོད་པ་རེད།

    ད་ལྟའི་དུས་སུ། མཚོ་བོད་ས་མཐོའི་དེང་རབས་ཅན་གྱི་འགྲིམ་འགྲུལ་དྲ་བ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་རྔ་མོང་གི་སྐེ་དྲིལ་སྙན་དབྱངས་དེའང་རིམ་གྱིས་ཐོས་རྒྱུ་མེད་པར་གྱུར། ཡིན་ནའང་དྲི་བ་ཞིག་ཡིད་ལ་འཁོར་བ་ནི། དེང་སྐབས་ང་ཚོར་ད་དུང་སྙིང་སྟོབས་དེ་འདྲ་དགོས་དོན་ག་རེ་ཡིན་ནམ་ཞེས་པ་དེ་རེད།

    རྒྱལ་སྤྱིར་བལྟས་ན། ལག་རྩལ་གྱི་བཀག་སྡོམ་དང་འབྲེལ་རྒྱུན་ཆད་པའི་གྲང་ཤུར་ཤུར་གྱི་རྣམ་པ་དེ་འབྲི་ཆུའི་གྲང་ཟུག་ལས་ཀྱང་ཆུང་བ་ག་ལ་ཡོད། རྒྱལ་ནང་ལ་བལྟས་ན། སྒྱུར་བཅོས་ཀྱི་གཏིང་ཟབ་ས་དང་ཕྱོགས་སྒྱུར་གྱི་དཀའ་ཚེགས་ཆེ་དུས་སུ་མདུན་སྐྱོད་ཀྱི་གོམ་པ་རེ་རེ་སྤོ་བའང་ལས་སླ་པོ་མེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བ་ནི་སྔར་བྱུང་མྱོང་མེད་པའི་རྒྱང་ལམ་ཡིན་སྟེ། ས་བཀྲ་མེད་པར་མདུན་ཕྱོགས་སུ“འབྲི་ཆུ”བརྒལ་དགོས་པ་དང“གདང་ལ”ཡང་བརྒལ་དགོས་པར་བརྟེན། མཚོ་བོད་རྔ་མོང་རུ་ཁག་གི་འབད་འཐབ་སྙིང་སྟོབས་ལ་སྔར་བཞིན་དུས་རབས་ཀྱི་རིན་ཐང་ལྡན་ཡོད།

    ལོ་དེར། མཚོ་བོད་གཞུང་ལམ་གྱི་ལམ་སྐྲུན་སྤྱི་ཁྱབ་བཀོད་འདོམས་པ་དམག་དཔོན་མུའུ་ཧྲེང་ཀྲུང་གིས“ནུབ་བྱང་དུ་ལམ་སྐྲུན་མི་ཐུབ”ཅེས་པའི་བཤད་ཚུལ་ཐོས་ཀྱང་འགྱིག་འཁོར་གྱི་འཁོར་རིགས་ཆེན་པོ་ཞིག་བཏང་ནས་སྤྱོད་གོ་ཆོད་པའི་ལམ་ཐིག་འཚོལ་ཞིབ་བྱས་ཤིང་། ཁོང་གིས་དཔུང་ཁག་གི་སྣེ་ཁྲིད་དེ་དཀའ་བ་དུ་མ་སྤྱད་ནས་མཚོ་སྔོན་གྱི་གོར་མོར་སླེབས་སྐབས་མིག་མདུན་དུ་མངོན་པ་ནི་མྱ་ངམ་ཐང་ཆེན་ཞིག་རེད། སྐབས་དེ་དུས་ཀྱི་གོར་མོ་ནི་གྲོང་ཁྱེར་མིན་པར་ས་ཁམས་ཀྱི་མཚོན་རྟགས་ཤིག་རེད། “གོར་མོ་གང་དུ་ཡོད”སྙམ་པའི་དོགས་འདྲི་དེ་ལ་མུའུ་ཧྲེང་ཀྲུང་གིས“གོར་མོ་ནི་ང་ཚོའི་རྐང་འོག་ཏུ་ཡོད། ང་ཚོའི་གུར་གང་དུ་ཕུབ་ན་དེ་ནི་གོར་མོ་ཡིན”ཞེས་སྤོབས་པ་དང་བཅས་བརྗོད་པ་རེད། ད་ཆའི་གོར་མོར་ཐོག་བརྩེགས་ཁང་ཆེན་མང་པོ་ཡོད་པ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ། དེང་རབས་ཅན་གྱི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ས་མཐོའི་འོད་སྟོང་འཕྲོ་བའི་མུ་ཏིག་རྡོག་གཅིག་ལ་གྱུར་ཡོད།

    ད་ལྟའི་ཆར། དཀའ་སྡུག་ལས་རྣམ་པར་རྒྱལ་བའི་བློ་སྟོབས་དང་། དཀའ་བ་དང་དུ་ལེན་པའི་དཔའ་ངར། དཀའ་སྤྱད་དངོས་སྒྲུབ་ཀྱི་འགན་འཁྲི་བཅས་མེད་དུ་མི་རུང་བ་ཞིག་རེད། རང་རྒྱལ་གྱི་ཟླ་དཔྱད་ལས་གཞི་ཁག་གསུམ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང་། ནུས་གསར་རླངས་འཁོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱས་པ། རྒྱལ་ཐོན་གནམ་གྲུ་ཆེན་པོས་དགུང་སྔོན་དུ་ཕུགས་འདུན་དོན་གཉེར་བྱེད་པ། འཕྲུལ་མིའི་ཐོན་ལས་གོང་འཕེལ་བྱུང་བ་སོགས་རྣམ་གྲངས་གང་ཡང་མེད་པ་ནས་ཡོད་པའི་བར་དུ་བགྲོད་ལམ་གསར་པ་བཏོད་པ་ཞིག་རེད། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རྒྱལ་ཁ་འཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ། དཔའ་ངར་ཞུམ་མེད་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་མདུན་དུ་སྐུལ་འདེད་གཏོང་བ་བཅས་བྱས་ན། བྱ་གཞག་འཕེལ་རྒྱས་ཀྱི་ཡུལ་ཁམས་གསར་པ་གཏོད་ཐུབ་ངེས་རེད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ས་གསར་པར། རྔ་མོང་གི་སྐེ་དྲིལ་སྙན་དབྱངས་ཐོས་རྒྱུ་མེད་ནའང་སྐར་ལྔའི་དར་དམར་སྔར་བཞིན་ལྷབ་ལྷུབ་ཏུ་གཡོ། དེ་ལས་ང་ཚོར་དྲན་སྐུལ་བྱས་དོན། མདུན་ལམ་ཇི་ཙམ་རྒྱང་ཐག་རིང་ཞིང་ཉེན་ཁ་ཆེ་རུང་། གོམ་པ་རེ་རེ་བཞིན་བརྟན་པོ་སྤོས་ན། མཐར་རི་བོའི་ཉག་ག་བརྒལ་ཐུབ་པའི་ཉིན་ཞིག་འཆར་ངེས་རེད། འདི་ནི་ལོ་ངོ་70ལྷག་ཙམ་གྱི་གོང་རྔ་མོང་རུ་ཁག་གིས་ང་ཚོར་བརྗོད་པའི་དོན་ཞིག་ཡིན་ལ། རྒྱང་ལམ་གསར་པར་ཡག་པོ་སྐྱོད་དུས་བློ་ལ་བརྟན་པོར་ངེས་དགོས་པ་ཞིག་ཀྱང་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།